གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ དུས་ཡུན་ག་དེ་ཅིག་ དོ་དམ་འོག་ལུ་ བཞག་ཆོགཔ་ཨིན་ན?

༢༣/༧/༢༠༡༢   ༉ འདས་པའི་ཟླཝ་ནང་ སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཅིག་གི་ རེ་བ་ཟེར་རུང་ ཐིམ་ཕུ་ཁྲོམ་གྱི་སྦུག་ལུ་ཡོད་མི་ ཁྲིམས་སྲུང་འགག་པའི་ དོ་དམ་ནང་ལས་ འཐོན་ནི་དེ་ཨིན་པས།
སློབ་རིམ་༡༠ པ་ལྷབ་པའི་ཤུལ་ལུ་ ཁྱིམ་ནང་སྡོད་མི་ སློབ་ཕྲུག་དེ་ མི་གཞན་ལུ་ བརྡུང་རྫོབ་འབད་བའི་ དོགས་པ་ལུ་བརྟེན་ སྤྱི་ཟླ་༦ པའི་ཟླ་ཕྱེད་ལས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཞིནམ་ལས་ཚུར་ ཁྲིམས་སྲུང་འགག་པ་གིས་ ཁོ་ལུ་ ཉེས་འཛུགས་འབད་དེ་ ཁྲིམས་ཀྱི་འདུན་སར་ ག་དེ་མགྱོགས་མགྱོགས་གཏང་པ་ཅིན་ཟེར་ རེ་བ་བསྐྱེད་དེ་ སྡོད་ཡོདཔ་ཨིན་པས།



ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོ་དམ་ནང་ བཞེས་སྒོ་དང་ སྡོད་ས་རྐྱངམ་གཅིག་མིན་པར་ ནང་ནའི་གནས་སྟངས་དེ་ར ལེགས་ཤོམ་མིན་འདུག་ཟེར་ཨིནམ་ད་ དོ་དམ་ལྟེ་བའི་ཁང་མིག་༢ ཡོད་མི་དེ་ནང་ མི་༡༢༠ དེ་ཅིག་ ཨེབ་ཐག་རྐྱབ་སྟེ་ བཞག་ཡོདཔ་ལས་ ག་ར་ནམ་ཕྱི་ཁར་ ཐོན་ཚུགས་འོང་ག་ཟེར་ མནོ་མི་ཙང་ཙ་ཨིན་པས་ཟེར་ སླབ་ཨིན་པས།
ཞི་རྩོད་ཚུ་ནང་ འབྲེལ་གཏོགས་འབད་མི་ཚུ་ ཁང་མིག་༡ ནང་དང་ ཉེས་རྩོད་དང་འབྲེལ་བའི་གནད་དོན་ དཔེར་ན་ སྨྱོ་རྫས་དང་ ཨར་རྐུན་ གྱི་གསོབ་ལ་སོགས་པ་ཚུ་ནང་ བཅའ་མར་གཏོགས་མི་ཚུ་ ཁང་མིག་གཞན་ནང་ བཞག་ཡོདཔ་ད་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཕུད་རྡོག་གཅིག་གིས་ རྩོད་དོན་༡༠ དེ་ཅིག་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ དོ་དམ་འོག་ལུ་ཡོད་མི་ དོགས་པ་ཅན་ཚུ་ ཡིག་ཚང་ནང་འབོ་སྟེ་ དྲི་དཔྱད་འབད་ཐོག་ལས་ ཉེས་འཛུགས་འབད་དོ་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ སླབ་མིའི་ནང་ མི་ཅིག་ལུ་ ཉེས་འཛུགས་འབད་དེ་ ཁྲིམས་ཀྱི་འདུན་སར་ གཏངནིའི་དོན་ལུ་ དུས་ཡུན་ཟླཝ་༡ དེ་ཅིག་འགོརཝ་མ་ཚད་ ལ་ལུ་ཅིག་ འཛིན་བཟུང་འབད་དེ་ ཟླཝ་༧ དང་༨ དེ་ཅིག་སོང་རུང་ ཁྲིམས་ཀྱི་འདུན་སར་ ཉེས་བཙུགས་མ་འབད་མི་ཡང་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དོ་དམ་ནང་ཡོད་མི་ མི་དེ་གི་ ཕྱི་ཁ་ལས་ སྒྲིང་སྒྲིང་སྦེ་སླབ་མི་ མེད་པ་ཅིན་ རྩོད་བཤེར་གྱི་དོན་ལུ་ ཉེས་འཛུགས་མ་འབད་བར་ ཟླ་ངོ་ལེ་ཤ་ལུསཔ་མས་ཟེར་ཨིན་པས།
ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༡༨༨.༡ དང་འཁྲིལ་བ་ཅིན་ དོ་དམ་འོག་ལུ་ཡོད་མི་ དོགས་པ་ཅན་དེ་ འཛིན་བཟུང་འབད་བའི་ཉིནམ་ལས་ དུས་ཡུན་ཆུ་ཚོད་༢༤ གི་ ནང་འཁོད་ལུ་ ཁྲིམས་ཀྱི་འདུན་སར་ གཏང་དགོཔ་སྦེ་ འཁོད་དེ་ཡོདཔ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པ་གིས་ ཁྲིམས་འདུན་ལས་ འཛིན་བཟུང་གི་ གནང་བ་མེད་པར་  འཛིན་བཟུང་འབད་མི་ཡང་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ཁྲིམས་སྲུང་འགག་པ་གིས་ མི་༡ ཁྲིམས་ཀྱི་བྱ་རིམ་དང་ མ་འཁྲིལ་བར་ འཛིན་བཟུང་འབད་མིའི་སྐོར་ལས་ དོགས་པ་ཅན་གྱི་ཕོ་རྒནམ་ ཞི་གཡོགཔ་དེ་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ཁྲིམས་གཏུགས་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ དོན་ཚན་༡༨༨.༡ པའི་ དགོངས་དོན་དེ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནི་གི་ གནང་བ་དང་ ཡང་ཅིན་ དོགས་པ་ཅན་དེ་ དུས་ཡུན་ཆུ་ཚོད་༢༤ གི་ནང་འཁོད་ལུ་ འཛིན་བཟུང་འབད་དགོཔ་ཨིན་རུང་ དོགས་པ་ཅན་ཚུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ནིའི་དོན་ལུ་ གནད་དོན་དང་འཁྲིལ་ཏེ་ གཏང་དགོཔ་ལས་ རྩོད་དོན་༡ ལུ་ར་ དུས་ཡུན་བདུན་ཕྲག་༡ དང་༢ དེ་ཅིག་ འགོརཝ་མས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་འབད་བ་ཅིན་ ཁྲིམས་སྲུང་འགག་པའི་ ཁ་ཐུག་ལས་ ཉེས་པ་ཡང་ཕྲའི་ རྩོད་དོན་ཚུ་རྐྱངམ་གཅིག་ ཁྲིམས་འདུན་ལུ་ གཏངམ་མ་གཏོགས་ གཞན་མི་ཚུ་ག་ར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་སྦེ་ རྩོད་གཞི་ཕྱེཝ་ཨིན་ཟེར་ཨིན་པས།
ཞི་རྩོད་དང་ ཉེས་རྩོད་བྱི་བའི་གནད་སྤྱོད་ཀྱི་ དོན་ཚན་༡༩༡ པ་དང་འཁྲིལ་བ་ཅིན་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་ནིའི་ནང་ དུས་ཚོད་འགོར་ནི་ཨིན་པ་ཅིན་ ཁྲིམས་འདུན་ལས་ ཉིན་གྲངས་༤༩ དང་༡༠༨ འབད་མི་༢ དུས་ཚོད་ཕར་འགྱངས་ཞུ་ཆོག་མི་དེ་ཡང་ ཞིབ་དཔྱད་མཇུག་བ་བསྡུ་ཚུན་ཚོད་ དོགས་པ་ཅན་དེ་ དོ་དམ་འོག་ལུ་ བཞག་ཆོག་པའི་ གནང་བ་ཞུ་དགོཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དོགས་པ་ཅན་ཚུ་ ཁྲིམས་ཀྱི་རིང་ལུགས་དང་འཁྲིལ་ ཉེས་འཛུགས་ཐོག་ལུ་ ཁྲིམས་བཤེར་འབད་ནིའི་དོན་ལུ་ ཁྲིམས་འདུན་ལུ་ གཏང་དོ་ཡོདཔ་ལས་ ཚུན་མིན་གྱི་ཐོག་ལས་ འཛིན་བཟུང་འབད་ནི་ར་མེད་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ ཀུན་ལེགས་བསྟན་འཛིན་གྱིས་ སླབ་མིའི་ནང་ འགག་སྡེའི་འགོ་དཔོན་ཚུ་གི་བར་ན་ རེས་གཟའ་ཉི་མ་ཨ་རྟག་ར་ གྲོས་འཛོམས་འཚོག་དོ་ཡོདཔ་ལས་ དེ་བསྒང་ དོ་དམ་ནང་ཡོད་མི་ གནད་དོན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་དེ་ དུས་མཐུན་བཟོ་ནི་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ དོ་དམ་ནང་ དོགས་པ་ཅན་ལ་ལུ་ཅིག་ དཔེ་དེབ་ལྷགཔ་མ་ཚད་ ལ་ལུ་ཅིག་ ཤོག་གུ་གིས་བཟོ་མི་ ཤོ་དང་ཏ་ཟེ་རྐྱབ་སྡོདཔ་མ་ཚད་ ལ་ལུ་ཅིག་ ཁོ་བཟུམ་སྦེ་ རྩོད་དོན་ཁྲིམས་ཀྱི་འདུན་སར་ ནམ་གཏང་འོང་ག་ཟེར་ མནོ་བསམ་བཏང་སྡོདཔ་ཨིན་ཟེར་ སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་དེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment