གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ།

༢༡/༧/༢༠༡༢   ༉ ཡིག་ཆ་རྫུས་མ་བཟོ་མི་དང་ དབང་ཚད་ལོག་སྤྱོད་འབད་བའི་ རྩོད་དོན་གྱི་འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ དུས་ཡུན་ཟླཝ་༩ ལྷགཔ་ཅིག་སོང་བའི་ཤུལ་ལུ་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ གྲངས་མང་ཁྲིམས་འདུན་གྱིས་ མཐོ་གཏུགས་ཕྱིར་འབུད་བཏང་སྟེ་ བསམ་རྩེ་རྫོང་ཁག་གི་ འཁྲུན་ཆོད་དེ་ལུ་ རང་འཇགས་བསྟར་སྤྱོད་འབད་དགོ་པའི་ གྲོས་ཆོད་གནང་ནུག།


དེ་ཡང་ བསམ་རྩེའི་སྒོ་ནོར་འགོ་དཔོན་ སྐྱེས་ལོ་༤༣ ལང་མི་ བློ་གློས་རྒྱལ་མཚན་གྱིས་ གཞུང་གི་ཏི་རུ་ དངུལ་ཀྲམ་༡༣༤,༠༠༠ ཚུལ་མིན་ཐོག་ལས་ སྒེར་སྤྱོད་འབད་མི་ལུ་བརྟེན་ སྤྱི་ལོ་༢༠༠༩ ཟླ་༡༠ པའི་ཚེས་༢༦ ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ ཁྲིམས་འཐུས་སྤྲོད་ཆོག་པའི་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་མ་ཚད་ ལཱ་གཡོག་དགོངས་ཞུའི་ཐོབ་ལམ་ཚུ་མ་ཐོབ་སྦེ་ ཆེ་མཐོ་ཁྲིམས་ཁྲི་དང་པ་ལས་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་ལས་ གནང་བའི་འཁྲུན་ཆོད་ནང་ མཐོ་གཏུགས་པ་ བློ་གྲོས་རྒྱལ་མཚན་ལུ་ ཉེས་ཆད་ཚུ་མ་བཀལ་རུང་ ཆེ་མཐོ་ཁྲིམས་ཁྲི་དང་པ་ལས་ ཉེས་ཁྲིམས་ལོ་ངོ་གཅིག་སྨི་པའི་ འཁྲུན་ཆོད་གནང་ཡོད་མི་ལུ་ ཁེ་རྒུད་མ་བཏུབ་པར་ གྲངས་མང་ཁྲིམས་ཁྲི་ནང་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་དེ་ བཀྲིས་སྒང་ དགའ་གླིང་གཡུས་ཚན་ལས་ཨིནམ་ད་ ཁོ་ གིས་ བསམ་རྩེ་རྫོང་ཁག་ནང་ སྤྱི་ལོ་༢༠༠༩ ལུ་ སྒོ་ནོར་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
བློ་གྲོས་རྒྱལ་མཚན་གྱིས་ ཁྲིམས་འདུན་ལུ་ ཞུ་མི་དང་འཁྲིལཝ་ད་ གཞུང་དངུལ་སྒེར་སྤྱོད་འབད་འབདཝ་མིན་པར་ གཞིས་གསར་མི་སྡེའི་ཕན་ཐབས་དང་ ཆོས་ཕྱོགས་ཀྱི་དོན་ལུ་དམིགས་ཏེ་ མཆོད་རྟེན་ཅིག་ གསར་བཞེངས་འབད་ཡོདཔ་ད་ ལཱ་འབད་མིའི་མ་དངུལ་ལྷག་ལུས་ཚུ་ཡང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལམ་ལུགས་དང་འཁྲིལ་ གཞུང་ལུ་ཕུལ་ཡོད་རུང་ ཉེས་ཁྲིམས་བཀལ་མི་དེ་ ཁོ་ལུ་ཁེ་རྒུད་མ་བཏུབ་ཟེར་ཨིན་པས།
བློ་གྲོས་རྒྱལ་མཚན་གྱིས་ མ་དངུལ་ག་ར་ ཨོ་རྒྱན་རྩེ་རྒེད་འོག་ལུ་ རྣམ་རྒྱལ་ཁང་བཟང་མཆོད་རྟེན་བཞེངས་ནིའི་དོན་ལུ་ ལག་ལེན་འཐབ་ཅི་ཟེར་ ཞུ་ཡོདཔ་ཨིན་པས།
མཆོད་རྟེན་བཞེངས་དགོ་མི་དེ་ཡང་ མི་སེར་ཚུ་གི་མཐའ་དོན་ལུ་ཨིནམ་མ་ཚད་ ཁྲིམས་འགལ་གྱི་བྱ་བ་ ཁོ་ན་ལུ་དམིགས་ཏེ་མེན་རུང་ མཐོ་གཏུགས་པ་གིས་ དཀརཔོ་དགེ་བའི་ལཱ་དང་ མི་སེར་གྱི་མཐའ་དོན་ཨིན་པའི་ཁར་ གཞུང་ལས་ གནང་བ་ཞུ་ནི་དང་ འགོ་འདྲེན་འཐབ་ཆོག་པའི་ ལམ་ལུགས་དང་འཁྲིལ་ འབད་དགོཔ་ཨིན་རུང་ ཁོ་གིས་ སྒོ་ནོར་འགོ་དཔོན་གྱི་ ལཱ་འགན་དང་མ་འཁྲིལ་བར་  ཟད་འགྲོ་ཚུ་བཏང་ཡོདཔ་མ་ཚད་ ཤེས་བཞིན་དུ་ ཐག་རང་བཅད་ཐོག་ལས་ མ་བདེན་པའི་ ཟད་རྩིས་རྫུས་མ་བཟོ་སྟེ་ གཞུང་དངུལ་ ལོག་སྤྱོད་འབད་ནུག་ཟེར་ གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ནང་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment