གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་གྱི་ བརྟག་དཔྱད་ཆོས་རྒྱུགས་ ལེན་མ་ཚུགས་པའི་དཀའ་ངལ།

ཆུ་རུད་ཀྱིས་ འཕྱགས་འབག་འོང་མི་བྱེམ་ཚུ་ སྣུམ་འཁོར་གྱི་ བརྟག་དཔྱད་ཆོས་རྒྱུགས་ལེན་སའི་ ས་ཁོངས་ནང་ གང་ཡོདཔ་ལས་ བྱེམ་ཚུ་ བཏོན་བཀོ་མ་ཚུགས་ཚུན་ བརྟག་དཔྱད་ཆོས་རྒྱུགས་ ལེན་མི་ཚུགས་ནི་ཨིན་པས། 
བྱེམ་གྱིས་གང་མི་ སྣུམ་འཁོར་བཞག་སའི་ ས་ཁོངས་ཀྱི་མཐོང་སྣང་།
 
༣༡/༠༧/༢༠༡༢། ༉ བསམ་གྲུབ་ལྗོངས་མཁར་གྱི་ ལུང་ཕྱོགས་སྐྱེལ་འདྲེན་ཡིག་ཚང་གིས་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་བཟོ་མི་ཚུ་གི་དོན་ལུ་ བརྟག་དཔྱད་ཆོས་རྒྱུགས་ ལེན་མ་ཚུགས་པར་ ཟླཝ་ཡང་ ལང་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པ་ འགོ་བཙུགས་ཁམས་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཆུ་རུད་ཀྱིས་ བྱེམ་ཚུ་འཕྱགས་འབག་འོངམ་ལས་ ལུང་ཕྱོགས་ཡིག་ཚང་གི་ ས་ཁོངས་ནང བྱེམ་གྱིས་ གང་ཡོདཔ་མ་ཚད་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ འདམ་དང་ རག་རོ་ཚུ་གིས་ གང་ཡོདཔ་ལས་ སྣུམ་འཁོར་གྱི་ བརྟག་དཔྱད་ཆོས་རྒྱུགས་ལེན་སའི་ ཐིག་ཁྲམ་ཚུ་ བསུབས་ཡོདཔ་ཨིན་པས།

དེ་འབདཝ་ལས་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་བཟོ་ནིའི་དོན་ལུ་ བརྟག་དཔྱད་ཆོས་རྒྱུགས་བཀལ་ནི་ལུ་ བཀག་ཆ་འབད་བཞག་མི་དེ་གིས་ ཆོས་རྒྱུགས་བཀལ་འདོད་ཡོད་མི་ཚུ་ སེམས་མ་དགའ་བར་ ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་ཡིག་ཚང་གིས་ བདུན་ཕྲག་ཅིག་ནང་ ཨ་རྟག་ར་ རེས་གཟའ་མིག་དམར་དང་ ཕུར་བུ་ དེ་ལས་ སྤེན་པ་ཚུ་ནང་ རྒྱུགས་ལེན་ནི་ཡོདཔ་ད་ དེ་བསྒང་ ཉིནམ་རེ་ནང་ བརྟག་དཔྱད་ཆོས་རྒྱུགས་བཀལ་མི་ ཉུང་ཤོས་༡༠ དེ་ཅིག་ འོང་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བཀྲ་ཤིས་སྒང་དང་ མོང་སྒར་ པདྨ་དགའ་ཚལ་ ལྷུན་རྩེ་ བཀྲ་ཤིས་གཡང་རྩེའི་ རྫོང་ཁག་ཚུ་ནང་ལས་ཡང་ ཆོག་ཐམ་དགོས་མཁོ་སྦོམ་འཐོནམ་ད་ བསམ་གྲུབ་ལྗོངས་མཁར་ལུ་ རྒྱུགས་བཀལ་བར་འགྱོ་མི་དེ་ཡང་ ལུང་ཕྱོགས་ཚུ་ནང་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་གྱི་དོན་ལུ་ བརྟག་དཔྱད་ཆོས་རྒྱུགས་ཚུ་ ཟླཝ་༢ ནང་ ཚར་རེ་ལས་བརྒལ་ འགོ་འདྲེན་འཐབ་ནི་ མེད་ནི་དེ་གིས་ཨིན་པས།
སྐྱེས་ལོ་༢༤ ལང་མི་ སྣུམ་འཁོར་ལྷབ་སྦྱང་གི་ ལག་ཁྱེར་འཆང་མི་ སྒེར་སྡེའི་ལས་གཡོགཔ་ཅིག་གིས་ སླབ་མིའི་ནང་ མོ་གིས་ ལྷབ་སྦྱང་ཆོག་ཐམ་གྱི་དུས་ཚོད་ ཚང་ནི་འབད་རུང་ ལུང་ཕྱོགས་སྐྱེལ་འདྲེན་དབང་འཛིན་གྱིས་ བརྟག་དཔྱད་ཆོས་རྒྱུགས་ ལེན་མི་ཚུགས་ནི་ཨིན་མི་ལུ་ དབུགས་འགམ་སྟེ་ཡོདཔ་ཨིན་པས།
ང་གིས་ འཕྲལ་ཁམས་ཅིག་ཁར་ སྣུམ་འཁོར་ཀཱར་ཉོ་ཡོད་རུང་ ཆོག་ཐམ་མེད་ནི་དེ་གིས་ ཁྱིམ་ནང་ལས་ ཡིག་ཚང་ཚུན་ དུས་ཡུན་སྐར་མ་༢༠ ལྷགཔ་ཅིག་ རྐང་སྟོང་སྦེ་ དྲོ་པ་དང་ ཕྱི་རུ་ཨ་རྟག་ར་ ཉི་དྲོད་ནང་ ལམ་འགྱོ་དགོ་པས་ཟེར་ མོ་གིས་བཤདཔ་ཨིན་པས།
ལུང་ཕྱོགས་སྐྱེལ་འདྲེན་དབང་འཛིན་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འགོ་ཐོག་ལུ་ བསམ་གྲུབ་ལྗོངས་མཁར་ ཁྲོམ་སྡེ་གིས་ བྱེམ་གྱི་ བང་རིམ་ཆུང་ཀུ་ཅིག་ བཏོན་བཀོག་ཡོད་རུང་ ཆུ་རུད་༢ པམ་འོངམ་ད་ ད་རུང་ བྱེམ་བསགས་ཡོདཔ་ལས་ བཏོན་བཀོག་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ ཀུན་དགའ་རྒྱལ་མཚན་གྱིས་ སླབ་མིའི་ནང་ བརྟག་དཔྱད་ཆོས་རྒྱུགས་ འཕྲོ་མཐུད་དེ་ ནམ་ལེན་ཚུགས་ག་ ད་ལྟོ་ སླབ་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆོས་རྒྱུགས་བཀལ་སའི་ ས་ཁོངས་ནང་ཡོད་པའི་ རག་རོ་ཚུ་ བསལ་ནིའི་དོན་ལུ་ འཕྲུལ་ཆས་གླ་ཁར་ལེན་ནི་ཨིནམ་ལས་ དེ་གི་དོན་ལུ་ གླ་ཆ་ཉུང་ཤོས་ དངུལ་ཀྲམ་༤༠,༠༠༠ དང་༥༠,༠༠༠ གི་བར་ན་ གནས་ནི་མས་ཟེར་ཨིནམ་ད་ ད་ལྟོ་ ཡིག་ཚང་ནང་ རྒུད་གསོའི་མ་དངུལ་མེདཔ་ལས་ དངུལ་རྩིས་ལྷན་ཁག་ལུ་ ཡི་གུ་བཙུགས་ཡོད་རུང་ ངོས་ལེན་མ་བྱུངམ་ལས་ ལན་གསལ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ཀྱི་ཟླཝ་༧ པ་ཚུན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་བཏང་ཆོག་པའི་ ཆོག་ཐམ་འཆང་མི་༧,༠༩༧ ཡོདཔ་བཞིན་དུ་ སྣུམ་འཁོར་གྱི་གྱངས་ཁ་༣,༩༢༡ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment