གཡུས་མི་ཚུ་གིས་ འབྱ་ཞིང་ནང་ ལྕངམ་བཙུགས་པའི་བསྒང་། |
གཡུས་ཚན་དེ་གཉིས་ནང་ ཁྱིམ་གུང་པ་༤༠ ལྷགཔ་ཅིག་གི་ མི་སེར་སོ་ནམ་པ་ཚུ་གིས་ འདས་པའི་བདུན་ཕྲག་ནང་ འབྱ་ཞིང་ཨེ་ཀར་༣ དེ་ཅིག་ནང་ ལྕང་ལཱ་རྐྱབ་ཡོདཔ་ད་ ལོ་ངོ་བཅུ་ཕྲག་༢ དེ་ཅིག་གི་ཧེ་མ་ ཞིང་ཆུའི་གཡུར་བ་དེ་ ས་རུད་ཀྱིས་ འཕྱགས་བདའ་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལུས་ཡོདཔ་ལས་ མི་སེར་ཚུ་ འཚོ་བ་ གེ་ཟའི་ཁ་རང་ལུ་བརྟེན་དགོཔ་བྱུང་བའི་ཁར་ གཡུས་ཚན་དེ་ནང་གི་ ལོ་ཐོག་གཙོ་བོ་ཅིག་ གེ་ཟ་དེ་ཨིན་རུང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤.༥ བཏང་ཐོག་ལས་ ལོག་ཆུ་གཡུར་བཏོན་ཡོདཔ་ཨིན་པས།
ད་ལས་ཕར་ ཁེངས་ཡངས་བཱ་རི་དང་ བག་ལ་གཡུས་ཚན་གྱི་ མི་སེར་ཚུ་གིས་ ལོ་གསར་དང་ དགའ་སྟོན་ དུས་སྟོན་ག་ཅི་ར་ བརྩི་སྲུང་འབད་ནི་ཡོད་རུང་ ཁོང་རའི་ གཡུས་ཁ་ལས་ ལྕང་ལཱ་རྐྱབ་སྟེ་ གཡུས་ཆུམ་བསྡུ་གསོག་འབད་ཚུགས་ནི་ཨིནམ་ལས་ མི་སེར་ཚུ་ ཧེ་མ་བཟུམ་སྦེ་ར་ ངང་ལམ་ཁྲོམ་ཁར་ རྒྱ་ཆུམ་ཉོ་བར་ འགྱོ་མི་དགོ་ནི་ཨིན་པས།
དུས་ཅི་ ལྕང་ལཱ་ལོག་འགོ་བཙུགས་ཚུགས་མི་དེ་ཡང་ རྒྱལ་སྤྱི་ཚོང་འབྲེལ་ལས་འགུལ་གྱིས་ དངུལ་ཀྲམ་ས་ཡ་༥.༧ གྲོགས་རམ་བྱིན་ཐོག་ལས་ མོང་སྒར་ ཝེང་མཁར་ལུ་ཡོད་པའི་ རང་བཞིན་ཐོན་སྐྱེད་གོང་འཕེལ་ཞིབ་འཚོལ་ལྟེ་བ་དང་ རྫོང་ཁག་སོ་ནམ་ཡིག་ཚང་གིས་ མཉམ་འབྲེལ་ཐོག་ལས་ འབད་ཡོདཔ་ཨིན་པས།
ཁྱིམ་གུང་པ་༢༦ གི་ ཆུ་ཞིང་ཨེ་ཀར་༣ དེ་ཅིག་ནང་ རིན་མེད་སྟོང་པ་སྦེ་ རེད་ཀེ་ཇི་༡༤༠ སོན་བཏབ་ཡོད་པའི་ལྕངམ་ཚུ་ འཛུགས་སྐྱོང་འབད་ཡོདཔ་ད་ དེ་ཡང་ འབྱ་ལྷམ་པ་མ་འདྲཝ་༧ དེ་ཅིག་ ཡོདཔ་ཨིན་རུང་ སང་ཕོད་ལས་ དེ་ཚུའི་གྲས་ལས་ ཐོན་སྐྱེད་ལེགས་ཤོམ་ཡོད་མི་དེ་ གདམ་ཁ་རྐྱབ་སྟེ་ འཛུགས་སྐྱོང་འབད་ནི་ཨིན་པས།
དགོངས་འདུས་རྒཔོ་ དཀོན་མཆོག་ཚེ་རིང་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ས་ཞིང་ལེགས་ཤོམ་ཡོད་རུང་ ལོ་ཐོག་གི་ལཱ་ རྒྱ་ཆེཝ་སྦེ་ འབད་མ་ཚུགས་མི་དེ་ ཆུ་མེད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ ད་ལས་ཕར་ གཡུས་ཆུམ་ཚུ་ རང་གི་ ཞིང་ཁ་ལས་བཏོན་ཚུགས་ནི་ཨིནམ་ལས་ མི་སེར་ཚུ་གིས་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཚུགས་ཟེར་ཨིན་པས།
སོ་ནམ་པ་ ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཡངས་བཱ་རི་གཡུས་ཚན་ནང་ འབྱ་ལེགས་ཤོམ་སྦེ་ འཚོ་བཏུབ་དོ་ཡོདཔ་ཨིན་རུང་ ཆུ་མེད་པ་ལུ་བརྟེན་ ད་ཚུན་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིནམ་ད་ ད་རེས་ ཆུ་གཡུར་བསལ་ཚུགས་མི་དེ་གིས་ ལཱ་ག་ཅི་འབད་རུང་ བྱ་སྟབས་བདེ་ནི་མས་ཟེར་ཨིན་པས།
ད་ལྟོ་ཚུན་ གཡུས་སྒོ་དེ་ཁའི་ མི་སེར་ཚུ་ དུས་སྟོན་གྱི་དོན་ལུ་ ཆུམ་ཉོ་བར་ ངང་ལམ་ལུ་ འགྱོ་དགོཔ་ལས་བརྟེན་ སྟབས་མ་བདེཝ་སྦོམ་ཡོད་མི་དེ་ བསལ་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ མི་སེར་སོ་ནམ་པ་ཅིག་གིས་ བཤདཔ་ཨིན་པས།
སོ་ནམ་པ་ ཁམས་པ་གིས་ སླབ་མིའི་ནང་ གཡུས་ཁའི་མི་སེར་ཚུ་གིས་ སོ་ནམ་གྱི་ལཱ་ རྩ་འགེངས་ཏེ་ འབད་ཚུགས་པ་ཅིན་ ཚོང་འབྲེལ་འཐབ་སའི་ས་ཁོངས་དེ་ ངང་ལམ་གྱིས་མ་ཚད་ ཀུ་རི་གོང་རི་གི་ ལས་འགུལ་ཚུ་ནང་ཡང་ཡོདཔ་ལས་ མི་སེར་ཚུ་ རང་མགོ་རང་འདྲོང་སྦེ་ སྡོད་ཚུགས་པའི་འོས་འབབ་ཡོད་ཟེར་ ཨིན་པའི་གནས་ཚུལ།
མོང་སྒར་ལས་ བདེ་ཆེན་ཚེ་རིང་།
No comments:
Post a Comment