གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདས་པའི་བཙག་འཐུའི་དྲན་གསལ་དང་ ཤུལ་མའི་བཙག་འཐུ་ནང་ གྲུབ་འབྲས་ལེགས་འཐོན་གྱི་རེ་འདོད།

སྤྱི་ལོ་༢༠༠༨ ལུ་ འོས་འབབ་ཅན་གྱི་འབྲུག་མི་ཚུ་ ཚོགས་རྒྱན་བཙུགས་པའི་བསྒང་།
༢༡/༧/༢༠༡༢   ༉ སྤྱི་ཚོགས་༢ པའི་ བཙག་འཐུ་རན་དོ་ཡོདཔ་བཞིན་དུ་ བཙག་འཐུ་དེ་ནང་ མི་མང་གིས་ དམངས་གཙོའི་རིང་ལུགས་དེ་ ཧེ་མ་དང་ཕྱདཔ་ད་ བཙག་འཐུ་དང་ དམངས་གཙོའི་རིང་ལུགས་ཀྱི་སྐོར་ལས་ གོ་བརྡ་ལེགས་ཤོམ་ཐོབ་ཡོདཔ་ལས་ སང་ཕོད་ཀྱི་ བཙག་འཐུ་དེ་ ཚོགས་པ་དང་ འདེམས་ངོ་ཚུ་ག་ར་ལུ་ དོ་འགྲན་ཅན་ཅིག་ འོང་ནི་ཨིན་པས།


བཙག་འཐུ་ལྷན་ཚོགས་ཀྱི་ འདས་པའི་བཙག་འཐུའི་ དྲན་ཐོ་དང་འཁྲིལཝ་ད་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ སྤྱི་ལོ་༢༠༠༧ གྱི་ ཟླཝ་༡༢ པའི་ཚེས་༣༡ ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་ཡང་ བཙག་འཐུའི་ཚེས་གྲངས་ལུ་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ཚུ་ ཚུད་དོ་ཡོདཔ་ད་ དེ་དང་བསྟུན་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་གི་ གནས་ཐོ་དེ་ཡང་ དུས་མཐུན་འབདཝ་ཨིནམ་ད་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ཚུ་གིས་ ཚོགས་རྒྱན་བཙུགས་ཆོགཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་༣༡༢,༥༠༢ ཡོད་མི་ནང་ལས་༡༦༥,༩༦༢ ཀྱིས་ ཚོགས་སྡེའི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ལས་༤,༧༤༢ ཀྱི་ཚོགས་རྒྱན་ཚུ་ འགྲེམ་ཐོག་བཏང་སྟེ་ བཙུགས་ཡོདཔ་ད་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ལས་ བརྒྱ་ཆ་༥༣ གྱིས་ ཚོགས་སྡེའི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དེ་ ཚོགས་སྡེའི་བཙག་འཐུ་གི་ཤུལ་ལས་ སྤྱི་ལོ་༢༠༠༨ ཀྱི་ ཟླཝ་༣ པའི་ཚེས་༢༤ ལུ་ བཙག་འཐུ་འགོ་འདྲེན་འཐབ་ཡོདཔ་ད་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་དོན་ལུ་ ཚོགས་རྒྱན་བཙུགས་ཆོག་པའི་ འོས་འབབ་ཅན་ དུམ་གྲ་ཅིག་ ཡར་སེང་ཐོག་༣༡༨,༤༦༥ ཡོད་པའི་ནང་ལས་༢༥༢,༦༧༢ ཀྱིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
ཚོགས་འདུའི་བཙག་འཐུ་སྐབས་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ལས་ ཚོགས་རྒྱན་༡༧,༡༡༩ འགྲེམ་ཐོག་བཏང་སྟེ་བཙུགས་ཡོདཔ་ད་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མིའི་ ཐོ་བཀོད་ཡོངས་བསྡོམས་ལས་ བརྒྱ་ཆ་༧༩.༣༤ གིས་ ཚོགས་རྒྱན་བཙུགས་ཏེ ཚོགས་སྡེའི་བཙག་འཐུ་དང་ཕྱདཔ་ད་ ཚོགས་འདུའི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་ མངམ་ཐོན་ཡོདཔ་ཨིན་པས།
དེ་ལས་ ས་གནས་གཞུང་དང་འབྲེལ་བའི་ བཙག་འཐུའི་ནང་ ཁྲོམ་སྡེའི་བཙག་འཐུ་ འགོ་དང་པ་ སྤྱི་ལོ་༢༠༡༡ གི་ ཟླཝ་༡ པའི་ཚེས་༢༡ ལུ་ འགོ་འདྲེན་འཐབ་ཡོདཔ་ད་ ཁྲོམ་སྡེ་བཙག་འཐུའི་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༨,༤༦༢ ཡོད་མི་ནང་ལས་༤,༢༩༥ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་༢༦ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ལས་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མིའི་ནང་ལས་ བརྒྱ་ཆ་༥༠.༧༦ གིས་ ཁྲོམ་སྡེ་བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་ཡོད་ཨིན་པས།
རྒེད་འོག་སོ་སོའི་ ས་གནས་གཞུང་གི་བཙག་འཐུ་ ཐེངས་༢ རེ་ འགོ་འདྲེན་འཐབ་ཡོད་པའི་ནང་ལས་ བཙག་འཐུ་དང་པ་དེ་ སྤྱི་ལོ་༢༠༡༡ གི་ ཟླཝ་༦ པའི་ཚེས་༢༧ ལུ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་སྐབས་ ས་གནས་ཀྱི་ རྒེད་འོག་ཁག་ལས་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་༣༤༧,༩༣༨ ཡོད་ས་ལས་༡༩༤,༣༥༧ གྱིས་ ཚོགས་རྒྱན་བཙུགས་ཏེ་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ལས་ བརྒྱ་ཆ་༥༦ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བཙག་འཐུ་ཐེངས་༢ པ་དེ་ སྤྱི་ལོ་༢༠༡༡ གི་ ཟླཝ་༡༢ པའི་ཚེས་༢༦ ལུ་ འགོ་འདྲེན་འཐབ་མིའི་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་༩༦,༧༡༦ ཡོད་ས་ལས་༢༥,༧༧༧ གྱིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ལས་ བརྒྱ་ཆ་༢༦.༦ དེ་ཅིག་གིས་མ་གཏོགས་ བཅའ་མར་གཏོགས་མི་མེདཔ་ཨིན་པས།
འདས་པའི་བཙག་འཐུའི་ གྲུབ་འབྲས་ལུ་བལྟ་བ་ཅིན་ ཚོགས་རྒྱན་བཙུགས་མི་ལེགས་ཤོམ་ཡོདཔ་ལས་ ལྟ་རྟོག་པ་ཚུ་གིས་ ཤུལ་མའི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་ཚུ་གི་ འབྲེལ་གཏོགས་དེ་ ཡར་སེང་འགྱོ་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
དེ་མ་ཚད་ མ་འོངས་པའི་ བཙག་འཐུ་ནང་ འབྲེལ་གཏོགས་འབད་མི་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་ག་ར་གིས་ བཙག་འཐུ་དང་འབྲེལ་བའི་ ཤེས་ཡོན་ རྒྱ་བསྐྱེད་སོང་ཡོདཔ་ལས་ བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འབྲེལ་གཏོགས་ཡར་སེང་སོང་བའི་ཁར་ བཙག་འཐུ་དེ་ གྲུབ་འབྲས་ཅན་དང་ དོ་འགྲན་ཅན་ཅིག་ འབྱུང་ནི་གི་འོས་འབབ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment