༢༨/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ བློན་པོ་ལྷན་ཚོགས་དང་ བརྡ་བརྒྱུད་ཚུ་གི་བར་ན་ གྲོས་འཛོམས་ཅིག་འཚོགས་པའི་སྐབས་ བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་མིའི་ནང་ བཙག་འཐུ་ལྷན་ཚོགས་གི་ གསལ་བསྒྲགས་ལྟར་དུ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ ཚོགས་པའི་བུ་ལོན་ཚུ་ བཏབ་ཚར་དགོཔ་སྦེ་ཡོད་མི་དང་བསྟུན་ ལྡོགས་ཕྱོགས་ཚོགས་པ་གིས་ ད་ལྟོའི་བར་ན་ཡང་ བུ་ལོན་ཚུ་བཏབ་མ་ཚུགས་པར་ཡོདཔ་ལས་ ཚོགས་པ་དེ་གིས་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་མ་ཆོག་པའི་ གྲོས་ཆོད་བཏོན་དགོཔ་འདུག་ཟེར་གསུངས་ཡི།
བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༩ གི་ཟླ་༡ པའི་ནང་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཀྱིས་ བུ་ལོན་ཡོད་མི་ཚུ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ འི་ནང་འཁོད་ལུ་ སྤྲོད་དགོཔ་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
སྲིད་ཚོགས་༢ པོ་དེ་གིས་ ད་རེས་ཀྱི་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ ཚོགས་པའི་གནས་སྟངས་སྙན་ཞུ་ཚུ་ བཙག་འཐུ་ལྷན་ཚོགས་ལུ་ཕུལ་བའི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་ བུ་ལོན་ཚུ་ སྤྲོད་བའི་བསྒང་ཡོད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ སྙན་ཞུ་ཚུ་བསྐྱར་ཞིབ་འབད་ཞིནམ་ལས་ གྲོས་ཆོད་བཏོན་ནིའི་ལཱ་ཚུ་འབད་ནི་ཨིནམ་ད་ གྲོས་ཆོད་ཁག་ཆེ་ཤོས་དེ་ ཚོགས་པ་༢ པོ་གིས་ ཤུལ་མའི་བཙག་འཐུ་ནང་ འབྲེལ་གཏོགས་ཀྱི་འོས་འབབ་ཡོད་མེད་ཀྱི་ ཆ་འཇོག་འགྲུབ་དོན་ཚུ་ཡོདཔ་ཨིན་པས།
བློན་ཆེན་གྱིས་གསུངས་མིའི་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ དུས་ཅི་སྤྱི་ཟླ་༦ པའི་ཚེས་༣༠ གི་ནང་འཁོད་ལུ་ དངུལ་འབྲེལ་བུ་ལོན་ཚུ་ བཏབ་མ་ཚར་བ་ཅིན་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་མ་ཆོག་ནི་ཨིནམ་ལས་ དེ་ཚུ་ ཚོགས་པ་གིས་ ཁ་གསལ་གྱི་གོ་བརྡ་ཚུ་སྤྲོད་ཅི་ཟེར་གསུངས་ཡི།
བློན་ཆེན་མཆོག་གིས་འབད་བ་ཅིན་ ལྡོག་ཕྱོགས་ཚོགས་པ་གིས་ གནས་ཡུན་དེ་ནང་ ཚོགས་པའི་བུ་ལོན་ཚུ་བཏབ་མ་ཚར་བའི་ ཤེས་རྟོགས་བྱུང་ཡོདཔ་མ་ཚད་ ཚོགས་པ་དེ་གིས་ གནས་ཡུན་ཕྱིར་འགྱངས་འབད་དགོ་པའི་ ཞུ་བ་ཕུལ་ཐོག་ལས་ ལྷན་ཚོགས་ཀྱིས་ བདུན་ཕྲག་༢ དེ་ཅིག་ ཕྱིར་འགྱངས་གནང་ནུག་ཟེར་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་ བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ འབད་བ་ཅིན་ ལྷན་ཚོགས་ཀྱིས་གནང་བའི་བཀའ་རྒྱ་དེ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ངོས་ལེན་སྒྲིང་སྒྲིང་འབད་དེ་ བུ་ལོན་ཚུ་དུས་ཚོད་ཁར་ བཏབ་ཚུགས་ནི་ལུ་ ལཱ་ཁག་ར་བཏང་ཡི་ཟེར་ཨིན་པས།
ཚོགས་པ་ལུ་ བུ་ལོན་སྦོམ་སྦེ་ར་ཡོདཔ་ལས་ ཚོགས་པའི་འཐུས་མི་དང་ སྤྱི་ཚོགས་ནང་ཡོད་མིའི་འཐུས་མི་ཚུ་གིས་ རང་སོའི་འོང་འབབ་ལས་ གྲོགས་རམ་འབད་དགོཔ་ཐོན་ཡོདཔ་ཨིན་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་སླབ་མིའི་ནང་ ད་ལྟོ་ཚོགས་པའི་གནས་སྟངས་སྙན་ཞུ་ཚུ་ བསྐྱར་ཞིབ་འབད་བའི་བསྒང་ཨིནམ་ལས བསྐྱར་ཞིབ་ཀྱི་གྲུབ་འབྲས་སྙན་ཞུ་མ་ཐོན་ཚུན་ཚོད་ ཚོད་དཔག་འབད་ནི་དེ་ འོས་འབབ་ཅིག་མིན་འདུག་ཟེར་ཨིནམ་ད་ ལྷན་ཚོགས་ཀྱིས་ བསྐྱར་ཞིབ་ཚུ་འབད་ཞིནམ་ལས་ དེ་དང་འབྲེལ་བའི་འོས་ལྡན་གྱི་གྲོས་ཆོད་ཅིག་ བཏོན་འོང་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་ལུ་ གནས་ཡུན་ཕྱིར་འགྱངས་གནང་ནུག་ཟེར་མི་དེ་ གནས་ཚུལ་བཟུམ་ཅིག་མ་གཏོགས་ དམངས་གཙོ་ཚོགས་པའི་ གནས་ཡུན་ཕྱིར་འགྱངས་གི་ཞུ་ཡིག་ལུ་ གྲོས་ཆོད་བཏོན་བཏོནམ་མེད་པའི་ཁར་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ བུ་ལོན་ཚུ་བཏབ་ཚར་དགོ་པའི་ ཚེས་གྲངས་ཨིནམ་ལས་ སྤྱི་ཟླ་༧ པའི་ཚེས་༡༦ གི་ནང་འཁོད་ལུ་ ཚོགས་པ་༢ ཆ་ར་གིས་ རང་སོའི་ཚོགས་པའི་གནས་སྟངས་སྙན་ཞུ་ ཕུལ་དགོ་པའི་ གནས་ཡུན་ བྱིན་ཡོདཔ་ཨིན་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁོང་གི་ཚོགས་པ་གིས་ བུ་ལོན་ཚུ་ཁྲིམས་ཀྱི་ བྱ་གོའི་རིམ་པ་དང་འཁྲིལ་ཏེ་ བཏབ་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་པས།
ཚོགས་པ་དེ་གིས་ ད་ཚུན་ཡང་ ཁྲིམས་འགལ་གྱི་ལཱ་བྱ་མ་འཐབ་པའི་ཁར་ ད་ལས་ཕར་འབད་རུང་ ཤེས་ཅིག་མཐོང་ཅིག་ར་ འདི་བཟུམ་གྱི་ལཱ་བྱ་མི་འཐབ་ཟེར་ཨིནམ་ད་ བློན་ཆེན་གྱིས་ མི་སེར་དམངས་གཙོ་ཚོགས་པ་དེ་ ཤུལ་མའི་བཙག་འཐུའི་ནང་ བཅའ་མར་གཏོགས་བཅུག་ནི་ ཨིན་མིན་གི་སྐོར་ལས་ ཚ་གྱང་དང་་འགན་ཁུར་བཞེས་དགོཔ་རྩ་ལས་ར་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པ་གིས་ བུ་ལོན་ཚུ་བཏབ་མ་ཚུགས་པར་ཡོདཔ་ཨིན་རུང་ དེ་ཚུ་ བཏབ་ཚརཝ་སྦེ་འབད་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ལས་ འཕྲལ་ར་གྲུབ་འབྲས་ཐོན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་གསུངས་མིའི་ནང་ སྲིད་ཚོགས་ཅིག་ བཙག་འཐུ་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ཐོན་སོ་པ་ཅིན་ ཚོགས་པ་དེའི་འཐུས་མི་ཚུ་གིས་ བཙག་འཐུའི་ནང་ བཅའ་མར་གཏོགས་ཆོག་དང་ མི་ཆོག་གི་དབྱེ་བ་ ཁ་གསལ་ཅིག་མིན་འདུག་ཟེར་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་གིས་ བཙག་འཐུའི་བྱ་གོའི་རིམ་པའི་དགོངས་དོན་འགྲུབ་མ་ཚུགས་པར་ བཙག་འཐུའི་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ཐོན་སོ་པ་ཅིན་ ཚོགས་པ་གཞན་ཅིག་ གཞི་བཙུགས་འབད་ཞིནམ་ལས་ བཅའ་མར་གཏོགས་ཆོགཔ་ཨིན་ཟེར་གསུངས་ཡི།
ཚོགས་པའི་མིང་སོར་ཐོག་ལས་ ཚོགས་པའི་གཞི་རྩ་དང་ དམིགས་འཆར་ཚུ་ལུ་ བསྒྱུར་བཅོས་དུམ་གྲ་རེ་འབད་དེ་ ད་རུང་ཚོགས་པ་དེ་གིས་ ཤུལ་མའི་བཙག་འཐུའི་ནང་ བཅའ་མར་གཏོགས་ཆོག་ནི་ཨིན་པ་ཅིན་ འདི་བཟུམ་གྱི་ཁྲིམས་དེ་ དགོས་མཁོ་ཅིག་མཐོང་མས་ཟེར་ གསུངས་ཡོད་པའི་གནས་ཚུལ།
No comments:
Post a Comment