གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་རིག་ཡོངས་འབྲེལ་གྱི་ ཚོང་འབྲེལ་ལུ་བརྟེན་ འཚོ་སྐྱོང་འཐབ་མ་ཚུགས་པའི་དཀའ་ངལ།

༥/༥/༢༠༡༢

ཁེ་སང་ཐོབ་མ་ཚུགས་པའི་ ཡོངས་འབྲེལ་ཨིན་ཊར་ནེཊི་ལང་ཁང།
༉ མོང་སྒར་ཁྲོམ་ཁར་ ད་ལྟོ་ཚུན་གྱི་བར་ན་ གློག་རིག་ཨིན་ཊར་ནེཊི་གི་ ཞབས་ཏོག་བྱིན་མི་ གཅིག་ལས་བརྒལ་མེད་རུང་ ཞབས་ཏོག་གི་ཚོང་འབྲེལ་ལུ་བརྟེན་ འཚོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ གློག་རིག་ཡོངས་འབྲེལ་གྱི་ཞབས་ཏོག་ཚུ་ རང་སོའི་ ཁྱིམ་ནང་ བཙུགས་དོ་ཡོདཔ་མ་ཚད་ ཐ་ན་ རང་སོའི་ འགྲུལ་འཕྲིན་མོ་བཱ་ཡེལ་ཚུ་ནང་ཡང་ གློག་རིག་གི་ མཐུན་རྐྱེན་ཞབས་ཏོག་ཚུ་ སྤྱོད་ཚུགས་མི་ལུ་བརྟེན་ ཚོང་འབྲེལ་གྱི་དོན་ལུ་ བཙུགས་ཡོད་པའི་ཞབས་ཏོག་ལུ་ བར་ཆད་རྐྱབ་དོ་ཡོདཔ་ཨིན་པས།



མོང་སྒར་ཁྲོམ་ཁར་འབད་བ་ཅིན་ འཇམ་དཔལ་ཞིང་ཁམས་ཟེར་བའི་ གློག་རིག་ཡོངས་འབྲེལ་གྱི་ ཞབས་ཏོག་བཙུགས་མི་ཇོ་བདག་ ཡེ་ཤེས་དངོས་གྲུབ་ཀྱིས་ ཀུན་གསལ་ལུ་སླབ་མིའི་ནང་ དེ་བཟུམ་གྱི་ གློག་རིག་ཡོངས་འབྲེལ་གྱི་ ཞབས་ཏོག་མཐུན་རྐྱེན་བཙུགས་མི་ ཚོང་འབྲེལ་པ་ཁོ་རྐྱངམ་གཅིག་ལས་བརྒལ་མེད་རུང་ ད་རེས་ནངས་པ་ ལག་ལེན་འཐབ་མི་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ མར་འབབ་སོང་ཡོདཔ་ལས་ འོང་འབབ་ལེགས་ཤོམ་ཅིག་ བཟོ་མི་ཚུགས་པས་ཟེར་ཨིན་པས།
གློག་རིག་ཡོངས་འབྲེལ་གྱི་ ཞབས་ཏོག་སྤྱོད་མི་ཚུ་ཡང་ མང་ཤོས་ར་ སློབ་ཕྲུག་ཚུ་ཨིནམ་ད་ ཁོ་གིས་ སློབ་ཕྲུག་ཨིན་པ་ཅིན་ དུས་ཡུན་སྐར་མ་༡ ལུ་ སྤྱོད་འཐུས་དངུལ་ཀྲམ་༡ དང་ གཞན་མི་ ལཱ་གཡོག་ནང་ཨིན་མི་ཚུ་གི་དོན་ལུ་ དངུལ་ཀྲམ་༢ དེ་ལས་ ཕྱི་མི་ཚུ་ལུ་ཨིན་པ་ཅིན་ དངུལ་ཀྲམ་༣ རེ་ ལེན་དོ་ཡོདཔ་ད་ དུས་ཡུན་ཆུ་ཚོད་༡ གི་སྤྱོད་འཐུས་དེ་ མི་ག་ར་ཨིན་རུང་ ཐད་ཀར་དུ་ དངུལ་ཀྲམ་༦༠ རེ་ ལེན་དོ་ཟེར་ཨིན་པས།
ད་ལྟོ་ ཁོ་གིས་ ཞབས་ཏོག་སྤྲོད་བཞིན་དུ་ཡོད་པའི་ མཐུན་རྐྱེན་དེ་ ཁོ་རའི་ ཆ་རོགས་ཅིག་གིས་ སྤྱི་ལོ་༢༠༠༩ ལུ་ གཞི་བཙུགས་འབད་ཡོདཔ་ད་ ཁོ་གིས་ཡང་ དེ་བཟུམ་མའི་ ཞབས་ཏོག་བཙུག་ནིའི་དོན་ལུ་ ཆ་རོགས་དེ་ལས་ ན་ཧིང་ རིན་གོང་དངུལ་ཀྲམ་༡༢༠,༠༠༠ སྤྲོད་ཐོག་ལས་ ལེན་ཡོདཔ་ཨིན་རུང་ ད་རེས་ནངས་པ་ གློག་རིག་ཉོ་བའི་ མ་རྩ་ལོག་འཐོབ་ནི་ཕར་བཞག་ ཐ་ན་ ཟླ་རིམ་གྱི་ ཁང་གླ་ཡང་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ད་རེས་ནངས་པ་ ཁོ་གིས་ གློག་རིག་ཡོངས་འབྲེལ་གྱི་ ཚོང་འབྲེལ་ལུ་བརྟེན་ ཟླཝ་རེ་ནང་ དངུལ་ཀྲམ་༣,༠༠༠ དེ་ཅིག་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིནམ་ད་ ཨིན་རུང་ གནམ་བྱཱར་དང་ དགུན་གྱི་དུས་ཚོད་ལུ་ སློབ་གྲྭའི་ངལ་གསོའི་སྐབས་ ཐུན་རྐྱེན་སྤྱོད་མི་ སློབ་ཕྲུག་མང་སུ་ འོང་ནི་ཡོདཔ་ལས་ དེ་བསྒང་ ཟླ་རིམ་དངུལ་ཀྲམ་༨,༠༠༠ དེ་རེ་ འཐོབ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གློག་རིག་ཡོངས་འབྲེལ་གྱི་ ཚོང་འབྲེལ་དེ་ ཁེ་སང་མེད་པའི་ ཚོང་འབྲེལ་ཅིག་ཨིནམ་མ་ཚད་ དེ་བཟུམ་གྱི་ཚོང་འབྲེལ་གྱི་ ཐུན་རྐྱེན་སྤྱོད་མི་དེ་ ལོ་བསྟར་བཞིན་དུ་ མར་འབབ་འགྱོ་མི་ལུ་བརྟེན་ གློག་རིག་ཡོངས་འབྲེལ་གྱི་ ཚོང་འབྲེལ་རྐྱངམ་གཅིག་ལུ་བརྟེན་ འཚོ་སྐྱོང་ འཐབ་མི་ཚུགས་ནི་ཨིནམ་ལས་ ཞབས་ཏོག་ཚོང་འབྲེལ་དེ་ བཤོལ་བཞག་འབད་དེ་ ལཱ་གཞན་འབད་ནི་གི་རེ་བ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ མོང་སྒར་ཁྲོམ་གྱི་ ཚོང་པ་གཞན་ཅིག་གིས་ དེ་བཟུམ་མའི་ ཚོང་འབྲེལ་ཞབས་ཏོག་བཙུགས་པ་ཅིན་ ཁེ་སང་ཐོབ་མི་ཐོབ་ཀྱི་སྐོར་ལས་ ཀུན་གསལ་ལུ་ བསམ་འཆར་བཤད་མིའི་ནང་ ད་རེས་ནངས་པ་ གློག་རིག་ཡོངས་འབྲེལ་གྱི་ ཚོང་འབྲེལ་ཞབས་ཏོག་ལུ་བརྟེན་ ཁེ་སང་བཟོ་ནི་ཕར་བཞག་ ཐ་ན་ འཚོ་བ་སྐྱོང་ནི་ལུ་ཡང་ ལཱ་ཁག་རྐྱབ་དོ་ཡོད་མི་དེ་ གཙོ་བོ་ར་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ ད་རེས་ནངས་པ་ གློག་རིག་གི་ ཞབས་ཏོག་མཐུན་རྐྱེན་ཚུ་ རང་སོའི་ཁྱིམ་ནང་དང་ ཐ་ན་ འགྲུལ་འཕྲིན་ཚུ་ནང་ལས་ཡང་ སྤྱོད་ཚུགས་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཞི་གཡོགཔ་སངས་རྒྱས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པ་ གློག་རིག་གི་ཞབས་ཏོག་ ཁོ་རའི་ཁྱིམ་ནང་བཙུགས་ཏེ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཧེ་མ་བཟུམ་སྦེ་ གློག་རིག་ཡོངས་འབྲེལ་གྱི་ ཞབས་ཏོག་ཁང་ནང་ འགྱོ་དགོཔ་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment