གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནུབ་གླང་གསོ་སྐྱོང་འཐབ་ནི་ལུ་ གཙོ་རིམ་བཟུང་ནི།

ནུབ་གླང་གི་རིགས་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ ནུབ་གླང་ཚོགས་པ་ གཞི་བཙུགས་འབད་ཡོདཔ་ཨིན་པས། 
གསང་སྦས་ཁ་ལུ་མཐོང་མི་ ནུབ་མཚོ་ན་པ་ཏྲ་ལས་ཐོན་མི་ ནུབ་གླང་།
 སྤྱི་ཟླ་༥ པའི་ཚེས་༣། ༉ ཧཱ་རྫོང་ཁག་ གསང་སྦས་རྒེད་འོག་ནང་ ནུབ་གླང་གི་རིགས་ རབ་ཆད་མི་བཅུག་ནིའི་དོན་ལུ་ ནུབ་གླང་ཚོགས་པ་ཅིག་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།

ནུབ་གླང་ཚོགས་པ་ནང་ འཐུས་མི་༡༣ ཡོདཔ་ད་ འགོ་དང་པ་ ཚོགས་པ་འགོ་བཙུགས་པའི་སྐབས་ལུ་ ནུབ་གླང་ཕོ་མོ་བསྡོམས་༣༡ ཡོདཔ་ཨིན་པས།
ནུབ་གླང་ཚོགས་པའི་ཁྲི་འཛིན་ རྒཔོ་བགྲེསཔ་ མགོནམ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནུབ་གླང་གསོ་སྐྱོང་འཐབ་ནི་དེ་ དང་ཕུའི་ ལམ་སྲོལ་བཟང་པོ་ཅིག་ཨིནམ་ལས་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ སྤྱི་ལོ་༢༠༠༩ ལུ་ ནུབ་གླང་ཚོགས་པ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ནུབ་གླང་གི་རིགས་ ག་དེ་སྦེ་ བྱུང་བྱུངམ་ཨིན་ནའི་ ལོ་རྒྱུས་བཤད་མི་དང་འཁྲིལཝ་ད་ ནུབ་གླང་ཟེར་ སླབ་དགོ་མི་དེ་ ནུབ་མཚོ་ན་པ་ཏྲ་ལས་ བྱུང་བྱུངམ་འབད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
གསང་སྦས་ཁ་ ན་ཁ་ཟེར་ས་ལུ་ ནོར་རྫིཔ་ཨཔ་ཅིག་ ཁོ་རའི་ རྩྭ་འབྲོག་ནང་ ནོར་འཚོ་སྟེ་ སྡོད་པའི་སྐབས་ལུ་ ཕོ་སྐྱེས་ཅིག་དང་ ཨམ་སྲུ་ཅིག་གིས་ ཁོ་སྡོད་སར་ གནསཔ་བརྙ་གེ་ཟེར་སླབ་སྟེ་ འོང་ཡོདཔ་ཨིན་པས།
ཁོང་༢ ལུ་ འབག་ནི་ག་ཅི་ཡང་ མེདཔ་ཨིན་རུང་ ནོར་རྫིཔ་དེ་གིས་ བཞེས་སྒོ་ཚུ་ ལེགས་ཤོམ་སྦེ་ བཟོ་བྱིན་ཡོདཔ་ད་ ཕྱི་རུ་ཉལ་རནམ་ད་ ཁོང་༢ ཀྱིས་ ནོར་གྱི་རྩྭ་ཆག་བཞག་ས་ལུ་ ཞག་ཉལ་ནི་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལས་ ནོར་འཚོ་མི་ ཨཔ་དེ་ལུ་ ཁོང་༢ ཀྱིས་ ཉལ་སྡོད་སར་ མ་བལྟ་སྨ་རེད་ཟེར་ སླབ་ཞིནམ་ལས་ ཞག་ཉལ་བར་ སོང་ཡོདཔ་ཨིན་པས།
ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ཁར་ ནོར་རྫིཔ་དེ་ རྩ་ལས་ར་ མ་ཆགས་པར་ ཁོང་༢ ཞག་ཉལ་སར་ བལྟ་བར་འགྱོ་བའི་སྐབས་ སྦུལ་ལུ་སྤྲུལ་ཏེ་ སྡོད་ནུག་ཟེར་ཨིནམ་ད་ ཨིན་རུང་ ཨཔ་དེ་གིས་ མ་ཤེས་རྫུས་བཏབ་སྟེ་ དྲོ་པ་ ཁོང་༢ ལོང་འོངམ་ད་ ད་རུང་ བཞེས་སྒོ་ཚུ་ ལེགས་ཤོམ་སྦེ་ར་ བཟོ་བྱིནམ་མ་ཚད་ ཨོམ་ཡང་ བྱིན་ཡོདཔ་ཨིན་པས།
དེ་ལས་ ཁོང་༢ ཀྱིས་ མ་འགྱོཝ་ཅིག་ཁར་ ནོར་རྫིཔ་དེ་ལུ་ ཉིནམ་༣ གྱི་རྒྱབ་ལས་ ཁྱོད་སྡོད་སར་ གླང་ཅིག་འཐོན་འོང་ གླང་དེ་ལུ་ བཞེས་སྒོ་ཚུ་ མ་བཏུབ་བཏུབ་སྦེ་ བྱིན་དགོཔ་མ་ཚད་ ཕྱག་དང་མཆོད་པ་ཚུ་ ཕུལ་བ་ཅིན་ ནུབ་གླང་འཕེྱལ་འོང་ཟེར་ སླབ་ཞིནམ་ལས་ གར་སོང་མེད་པར་ ཡལ་སོ་ནུག་ཟེར་ཨིན་པས།
ནོར་རྫིཔ་སྡོད་སར་འོང་མི་ ཕོ་སྐྱེས་དེ་དང་ ཨམ་སྲུ་དེ་ ནུབ་མཚོ་ན་པ་ཏྲ་ལས་ཨིན་པའི་ ལོ་རྒྱུས་དང་ ནུབ་གླང་དེ་ཡང་ ས་གནས་དེ་ལས་ འཕྱེལ་ཡོད་པའི་ ལོ་རྒྱུས་ཚུ་ བཤད་སྲོལ་འདུག།
ད་ལྟོ་ གསང་སྦས་ཁ་ལུ་ ནུབ་གླང་ཡོངས་བསྡོམས་༡༠༠ དེ་ཅིག་ ཡོདཔ་ཨིན་པས།
ནུབ་གླང་ཚུ་ ནོར་རིགས་ཀྱི་ནང་ལས་ རིགས་བཟང་ཤོས་ཅིག་ཨིན་ཟེར་ཨིནམ་ད་ ནོར་གཞན་དང་ཕྱདཔ་ད་ ཨོམ་མང་སུ་སྦེ་ ཐོན་དོ་ཡོདཔ་ཨིན་པས།
ཧཱ་གི་ སྒོ་ནོར་ལས་ཁུངས་ཀྱིས་ ནུབ་གླང་ངོ་མ་ ཉོ་ནིའི་དོན་ལུ་ ཆ་རོགས་འབད་ནི་ཡོད་ཟེར་ ནུབ་གླང་གི་ཁྲི་འཛིན་ རྒཔོ་བགྲེསཔ་ མགོནམ་ཚེ་རིང་གིས་ བཤདཔ་ཨིན་པས།
ནུབ་གླང་ངོ་མ་ཨིན་པ་ཅིན་ རྭཝ་ཐུང་ཀུ་དང་ ལྐོག་ཤལ་སྦོམ་ཡོདཔ་མ་ཚད་ མཇུག་མ་ཡང་ དུམ་གྲ་ཅིག་ མ་འདྲཝ་སྦེ་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
རྒཔོ་བགྲེསཔ་ མགོནམ་ཚེ་རིང་གིས་ ནུབ་གླང་ངོ་མ་ཚུ་ བདག་འཛིན་འཐབ་ཞིནམ་ལས་ གོང་འཕེལ་གཏང་ནིའི་དོན་ལུ་ གཡུས་མི་ཚུ་ལུ་ གཙོ་རིམ་བཟུང་བཅུག་ནི་ཟེར་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment