གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༦༨ ལང་མི་ ཕོ་སྐྱེས་ཅིག་ གླངམོ་ཆེ་གིས་བསད་ཡོདཔ།

༢༡/༥/༢༠༡༢

༉ སྤྱི་ཟླ་༥ པའི་ཚེས་༡༨ དྲོ་པའི་ཆུ་ཚོད་༤:༣༠ དེ་ཅིག་ཁར་ བསམ་རྩེ་ དཔལ་འབྱོར་གླིང་ལུ་  གླངམོ་ཆེ་གིས་ བསད་ཡོདཔ་ཨིན་པས།
སིབ་སུ་དྲུང་ཁག་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་ ཆབ་གསང་འབད་བར་འགྱོ་བའི་སྐབས་ལུ་ རྐྱེན་ངན་དེ་ བྱུང་ནུག་ཟེར་ཨིན་པས། 



དུས་ཅི་གི་ལོ་ནང་ གླང་མོ་ཆེ་གིས་ མི་ལུ་གནོད་བསྐྱལ་ཏེ་ ཤི་རྐྱེན་བྱུང་མི་ འགོ་དང་པ་ཨིན་རུང་ དྲུང་པ་ཀརྨ་རིག་འཛིན་གྱིས་ སླབ་མིའི་ནང་ སིབ་སུ་གཡུས་ཚན་ནང་ འདས་པའི་ཟླཝ་ལས་ར་ གླངམོ་ཆེ་གིས་ གནོདཔ་བསྐྱལ་བར་འོང་མི་ལུ་བརྟེན་ གླངམོ་ཆེ་འོང་སའི་ས་ཁོངས་ནང་ལས་ཕར་ ཉེན་སྲུང་གི་ ལྟ་སྐོར་འབད་འབདཝ་ས་རང་ཡོད་ཟེར་ཨིན་པས།
དྲུང་ཁག་ཁ་ཐུག་ལས་ འབད་ནིའི་ཐབས་ཤེས་གཞན་མེད་མི་ལུ་བརྟེན་ གཡུས་སྒོའི་མི་སེར་ཚུ་ལུ་ དྲནམ་ཐེབས་ཅི་ར་སྟོན་ དགོ་པའི་ བརྡ་བསྐུལ་ཚུ་འབད་ཡི་ཟེར་ཨིན་པས།
ཁོ་གིས་བཤད་མའི་ནང་ ས་མཚམས་བརྒལ་ཏེ་ འོང་མིའི་གླངམོ་ཆེ་ཚུ་གིས་ ཁྱིམ་དག་པ་ཅིག་ལུ་ཡང་ གནོདཔ་རྐྱབ་ནུག་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ པདྨ་འཕྲིན་ལས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གླངམོ་ཆེ་ཚུ་ དུས་ཅི་ལོ་འགོ་བཙུགས་ཁམས་ཅིག་ཁ་ལས་ འོང་ནི་འགོ་བཙུགས་ཅི་ཟེར་ཨིནམ་ད་ གླངམོ་ཆེ་ཚུ་ སྡེ་ཚན་སྦེ་འོང་དོ་ཡོདཔ་ད་ སྡེ་ཚན་ནང་ གླངམོ་ཆེ་༦ ཡོདཔ་ལས་ ནགས་ཚལ་འགོ་དཔོན་ཚུ་གིས་ གླངམོ་ཆེ་ བདའ་བཏང་པའི་སྐབས་ གླངམོ་ཆེ་ཅིག་ སྡེ་ཚན་ནང་ལས་ ཁ་གཏོར་འགྱོ་མི་ལུ་བརྟེན་ གར་སོང་མེདཔ་བྱང་ད་ཡི་ཟེར་ཨིན་པས།
ད་རེས་ སྐྱེས་ལོ་༦༨ ལང་མི་ ཕོ་སྐྱེས་བསད་མི་དེ་ སྡེ་ཚན་ནང་ལས་ ལོགས་སུ་ཐོན་སོང་མི་ གླངམོ་ཆེ་དེ་ཨིནམ་བཟུམ་ཅི་ འདུག་ཟེར་ཨིན་པས།
སིབ་སུའི་ གཡུས་མི་ཚུ་གིས་འབད་བ་ཅིན་ གླངམོ་ཆེ་གིས་ ཁོང་གི་གཡུས་ཚན་ནང་ གནོད་བསྐྱལ་མི་དེ་ ད་རེས་ འགོ་དང་པ་མེན་ཟེར་ཨིནམ་ད་ གླངམོ་ཆེ་ཚུ་གིས་ ལོ་ཐོག་དང་ ཁྱིམ་ཚུ་ལུ་ གནོདཔ་བསྐྱལ་བ་གིས་མ་ཚད་ མི་དག་པ་ཅིག་ལུ་ཡང་ ཤི་རྐྱེན་འབད་ཡི་ཟེར་ཨིན་པས།
གླངམོ་ཆེ་གིས་ ལོ་ཨ་རྟག་ར་ སིབ་སུ་རྒེད་འོག་ནང་ གནོདཔ་བསྐྱལ་དོ་ཡོདཔ་ལས་ སྤྱི་ལོ་༢༠༠༦ ལུ་ ཉི་དྲོད་གློག་ཆས་ཀྱི་ རཝ་རྐྱབ་པའི་ཁར་ འཕྲུལ་མེ་ཡང་ བཀྲམ་སྤེལ་འབད་བའི་ཁར་ སྤྱི་ལོ་༢༠༡༠ ལུ་ རིན་གོང་ དངུལ་ཀྲམ་ས་ཡ་༣ གནས་པའི་ ཉི་དྲོད་གློག་ཆས་ཀྱི་རཝ་ཚུ་ གཡུས་སྒོ་ནང་བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
གཞུང་གི་ཁ་ཐུག་ལས་ ཉི་དྲོད་གློག་ཆས་ཀྱི་རཝ་ཚུ་ གཡུས་མི་ཚུ་ལུ་ བཀྲམ་སྤེལ་འབད་ཡོད་རུང་ བདག་འཛིན་ལེགས་ཤོམ་མ་འཐབ་མི་ལུ་བརྟེན་ ཡུན་བརྟན་གནས་མ་ཚུགས་ཟེར་ ནགས་ཚལ་འགོ་དཔོན་ པདྨ་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
ས་གནས་ནང་གི་ མི་སེར་སོ་ནམ་པ་ཚུ་ ལོ་ཨ་རྟག་རང་ ལོ་ཐོག་ག་ཅི་ར་འཛུགས་སྐྱོང་འབད་རུང་ གླངམོ་ཆེ་གིས་ གནོདཔ་བསྐྱལ་ཏེ་ ཚུལ་ལྡན་སྦེ་ བསྡུ་གསོག་འབད་མི་ཚུགས་པས་ཟེར་ཨིན་པས།
ཉི་དྲོད་གློག་ཆས་རཝ་གི་ ཐབས་བྱུས་དེ་གིས་ ཕན་ཐོགས་སྦོམ་ར་ བྱུང་མ་ཚུགས་མི་ལུ་བརྟེན་ བདུན་ཕྲག་ཤུལ་མམ་ནང་ལས་ ཐད་ཀར་དུ་ གློག་མེ་ཐོག་ལུ་འབད་མི་རཝ་དེ་ ལག་ལེན་འཐབ་ནི་ ཨིན་པའི་གནས་ཚུལ།

No comments:

Post a Comment