གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པི་མ་ལང་པའི་དཀའ་ངལ་གྱིས་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ལུ་ཡང་ བྱེམ་ཕོག་དོ་ཡོདཔ།

༢/༥/༢༠༡༢

རྒེད་འོག་ལུ་ རུ་པི་མེད་ནི་དེ་གིས་ མོ་ཆུ་གཡུས་ཚན་གྱི་ ཐག་ལམ་འཁོར་ལོ་ མེདཔ་ཐལ་མིའི་ཚབ་ ཉོ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

མེདཔ་ཐལ་མི་ ཐག་ལམ་གྱི་འཁོར་ལོ།
༉ ཧཱ་རྫོང་ཁག་འོག་གི་ གསང་སྦས་ཁ་གཡུས་ཚན་དེ་ ཧཱ་ཁྲོམ་ལས་ ཉིན་ལམ་༢ ཀྱི་ས་ཁར་ཨིནམ་ད་ གསང་སྦས་ཁ་ལས་ མོ་ཆུ་གཡུས་ཚན་ཚུན་ ཉིན་ལམ་༡ འགོརཝ་ཨིན་པས།
ཧེ་མ་འབད་བ་ཅིན་ གསང་སྦས་ཁ་རྒེད་འོག་ལྟེ་བ་ལས་ མོ་ཆུ་ལུ་ འགྱོ་ནིའི་དོན་ལས་ ཐག་ལམ་ཅིག་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ལས་ ཐག་ལམ་གྱི་འཁོར་ལོ་ཚུ་ མེདཔ་ཐལ་ཡོདཔ་ལས་ མི་སེར་ཚུ་གིས་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།



གསང་སྦས་ཁ་ལས་ མོ་ཆུ་གཡུས་ཚན་ནང་ ཐག་ལམ་ཐོག་ལས་འགྱོ་བ་ཅིན་ དུས་ཡུན་ཆུ་ཚོད་༢ ནང་ ལྷོད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཐག་ལམ་མེད་པར་ རྐང་ཐང་འབད་འགྱོཝ་ད་ དུས་ཡུན་ཆུ་ཚོད་༩ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
མོ་ཆུ་གི་དམངས་མི་ བསམ་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཐག་ལམ་གྱི་ འཁོར་ལོ་བཟོ་ནིའི་དོན་ལུ་ ཕུན་ཚོགས་གླིང་ལུ་བསྐྱལ་ཡོད་རུང་ བཟོ་མ་ཚུགས་ནི་དེ་གིས་ རྒྱ་གར་གྱི་ཁྲོམ་སྡེ་ སི་ལི་གུ་རི་ལུ་ བསྐྱལ་ནི་སྦེ་ བཞག་སྟེ་ཡོད་ཟེར་ཨིན་པས།
ཐག་ལམ་གྱི་ འཁོར་ལོ་དེ་ལུ་ གོང་ཚད་དངུལ་ཀྲམ་༣༠,༠༠༠ དེ་ཅིག་ སླབ་དོ་ཡོདཔ་ད་ ཏི་རུ་དེ་ རྒེད་འོག་གི་ མ་དངུལ་ཐོག་ལས་ ལག་ལེན་འཐབ་ནི་སྦེ་ བཞག་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ འཁོར་ལོ་ཉོ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
ཨིན་རུང་ གསང་སྦས་ཁ་དང་ དགའ་སྐྱིད་གླིང་རྒེད་འོག་གི་ མི་སེར་སོ་ནམ་པ་ ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་མི་དེ་གིས་ མི་སེར་སོ་ནམ་པ་ཚུ་ལུ་ ཡོན་ཏན་དང་ གོ་སྐབས་གསརཔ་ཅིག་ བྱིན་ཡི་ཟེར་ཨིན་པས།
མོ་ཆུ་གཡུས་ཚན་ལས་ སྐྱེས་ལོ་༣༢ ལང་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལུ་ ཉོ་ཚོང་རྐྱབ་པར་འགྱོ་བའི་སྐབས་ ཅ་ལ་ཚུ་གི་ གོང་ཚད་དངུལ་ཀྲམ་༡༠༠ འབད་མི་ལུ་ རུ་པི་མེད་པ་ཅིན་ དངུལ་ཀྲམ་༡༢༠ སྤྲོད་དགོ་པས་ཟེར་ཨིན་པས།
དེ་བཟུམ་མའི་ གནས་སྟངས་ལུ་བལྟཝ་ད་ རང་གི་རྒྱལ་ཁབ་ནང་ ལེགས་ཤོམ་སྦེ་འཚོ་མི་ ཚོད་བསྲེ་དང་ འབྲུ་སྣའི་རིགས་ དེ་ལས་ ཤིང་འབྲས་ཚུ་ ག་དེ་དྲག་དྲག་ འཛུགས་སྐྱོང་འབད་དགོཔ་དེ་ གལ་ཆེ་བས་ཟེར་ཨིན་པས།
མོ་ཆུ་གཡུས་ཚན་གྱི་དམངས་མི་ ཚེ་དབང་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་མི་དེ་གིས་ མི་སེར་སོ་ནམ་པ་ཚུ་ལུ་ མནོ་བསམ་ཐེབས་གཅིག་སྦེ་ར་ གཏང་དགོཔ་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ རང་ལུ་ཡོད་མི་ ས་ཞིང་ཚུ་ནང་ ལོ་ཐོག་ཚུ་ ལེགས་ཤོམ་སྦེ་ འཛུགས་སྐྱོང་འབད་དེ་ རང་མགོ་རང་འདྲོངས་བཟོ་དགོཔ་འདུག་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ཀྱི་བར་ན་ རང་གི་ས་ཞིང་ནང་ ལོ་ཐོག་ཚུ་ ག་དེམ་ཅིག་ འཛུགས་སྐྱོང་འབད་རུང་ ཚོང་ལམ་ལེགས་ཤོམ་མེད་ནི་དེ་གིས་ སོ་ནམ་པ་ཚུ་ཡང་ སྤྲོ་བ་ཞན་སོ་ནུག་ཟེར་ཨིན་པས།
ད་ལས་ཕར་ སོ་ནམ་པ་ཚུ་གིས་ རང་བཟའ་ནི་དང་ རོགས་ལུ་བཙོང་ནིའི་དོན་ལུ་ ཚོད་བསྲེ་ཚུ་ ག་དེ་དྲག་དྲག་ འཛུགས་སྐྱོང་འབད་དེ་ འོང་འབབ་བཟོ་བཅུག་ནིའི་ གོ་སྐབས་བྱིན་ནི་ཨིན་ཟེར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གཟིགས་སྐོར་ནང་ བྱོན་པའི་སྐབས་ མི་སེར་སོ་ནམ་པ་ཚུ་ལུ་ གསུངས་ཡོདཔ་ཨིན་པའི་གནས་ཚུལ།
 
ཡེ་ཤེས་སྒྲོལ་མ།

No comments:

Post a Comment