གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ལོག་སྤྱོད་ཀྱི་བཅའ་ཁྲིམས་ བསྒྱུར་བཅོས་འབད་ནིའི་གྲོས་འཆར།

༡༠/༥/༢༠༡༢

འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ བཅའ་ཁྲིམས་དེ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་རུང་  ཁྲིམས་འདུན་གྱི་ དྲང་དཔོན་ལ་ལུ་ཅིག་གིས་ འོས་ལྡན་མི་མཐོང་མས་ཟེར་ཨིན་པས།

༉ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་དེ་ དུས་མཐུན་ཐོག་ བསྒྱུར་བཅོས་འབད་ནིའི་ གྲོས་འཆར་ཐོག་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ དག་བཅོས་ཀྱི་ ཟིན་བྲིས་བཏབ་ནི་ཚུ་ འགོ་བཙུགས་ཡོདཔ་ཨིན་རུང་ དྲང་དཔོན་ལ་ལུ་གིས་འབད་བ་ཅིན་ བཅའ་ཁྲིམས་དེ་ བསྒྱུར་བཅོས་འབད་དགོ་པའི་ གནད་དོན་ཅིག་ མི་མཐོང་པས་ཟེར་ཨིན་པས།


བཀག་འཛིན་ལས་སྡེའི་ ཁྲིམས་དོན་འགོ་དཔོན་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ བཅའ་ཁྲིམས་བསྒྱུར་བཅོས་འབད་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་དང་གཅིག་ཁར་ བསམ་འཆར་བརྗེ་སོར་གྱི་ གྲོས་བསྡུར་ཞལ་འཛོམས་ཚུ་ཡང་ ལན་ཐེངས་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
བསྒྱུར་བཅོས་འབད་དགོ་པའི་ གནད་དོན་གཙོ་བོ་ར་ བཅའ་ཁྲིམས་དེ་ ལག་ལེན་འཐབ་པའི་སྐབས་ དོན་ཚན་དགོཔ་དང་ མ་དགོཔ་ཚུ་ དག་བཅོས་འབད་དེ་ བསལ་དགོ་པའི་གནས་སྟངས་ལེ་ཤ་ར་ ཤེས་གསལ་བྱུང་ནི་དེ་གིས་ཨིན་ཟེར་ཨིན་པས།
དེ་མ་ཚད་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་ཀྱི་དོན་ཚན་གུ་ལྷོདཔ་ད་ འགྲེལ་བཤད་ཁ་གསལ་དགོཔ་ཡོདཔ་ལས་ ནག་ཚོང་དང་ འཆང་སྤྱོད་ཀྱི་ འགྲེལ་བཤད་དག་བཅོས་འབད་ནི་དེ་ བཅའ་ཁྲིམས་བསྒྱུར་བཅོས་ནང་ གཙོ་ཅན་ཅིག་ཨིན་ཟེར་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༩༨ པ་དང་ དོན་ཚན་༥༠༠ གི་ ལག་ལེན་ནང་ ཁྲིམས་འདུན་ཚུ་ལུ་ དབྱེ་བ་ཕྱེ་ནིའི་ནང་ དཀའ་ངལ་ཐོན་པའི་ འོས་འབབ་འདུག་ཟེར་ཨིན་པས།
ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༩༨ པའི་ ནང་གསལ་དང་འཁྲིལཝ་ད་ ཁྲིམས་དང་མ་འཁྲིལ་བར་ སྨྱོ་རྫས་ཀྱི་རིགས་ག་ཅི་ར་འབད་རུང་ ནང་འདྲེན་དང་ ཕྱིར་བཙོང་ ཉོ་བཙོང་འཐབ་པ་ བསགས་ཏེ་བཞག་པ་ ཡང་ཅིན་ སྐྱེལ་འདྲེན་འབད་བ་ཅིན་ རྩོད་ཟླ་དེ་ ཚད་འཛིན་ཅན་གྱི་རྒྱུ་རྫས་ ཁྲིམས་འགལ་ཐོག་ ཉོ་བཙོང་འཐབ་པའི་ གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོ་ཟེར་ཨིན་པའི་ཁར་ དོན་ཚན་༤༩༩ པ་དང་འཁྲིལཝ་ད་ ཉེས་ཁྲིམས་དེ་ དབྱེ་རིམ་༢ པའི་ ཉེས་ཆེན་སྨིན་དགོཔ་ཨིན་པས།
ཁྲིམས་དེབ་དེ་གི་ དོན་ཚན་༥༠༠ པའི་ནང་གསལ་ ཐོ་བཀོད་ཅན་གྱི་ དྲུང་འཚོའི་བཀོད་འཛིན་མེད་པར་ སྨྱོ་རྫས་དང་ མྱོས་བྱེད་ག་ཅི་རང་འབད་རུང་ འཆང་བ་འམ་ བཀོལ་སྤྱོད་འབད་བ་ཅིན་ རྩོད་ཟླ་དེ་ ཚད་འཛིན་གྱི་རྒྱུ་རྫས་འཆང་བའི་གནོད་འགལ་གྱི་ ཉེས་སྐྱོན་སྦེ་བརྩི་དགོ་ཟེར་ཨིནམ་ད་ དེ་དང་འབྲེལ་བའི་ ཉེས་ཁྲིམས་ཡང་ དོན་ཚན་༥༠༡ ནང་ ཉེས་པ་ཡང་ཕྲ་འམ་ ཡང་ཅིན་ ཉེས་ཕྲ་སྨིན་དགོཔ་སྦེ་ཨིན་པས།
དེ་འབད་ནི་དེ་གིས་ འཕྲལ་འཕྲལ་ནང་ཚོང་འཐབ་མི་ཡང་ འཆང་སྤྱོད་ཀྱི་གྲས་ཁར་བརྩིས་ཏེ་ ཉེས་ཁྲིམས་ཆུང་བ་དང་ ཡང་ཅིན་ འཆང་སྤྱོད་འབད་མི་ཡང་ ཚོང་སྒྱུར་འཐབ་པའི་ཉེས་ཁྲིམས་ཐོག་ འཁྲུན་ཆོད་འབྱུང་ནི་གི་འོས་འབབ་མཐོངམ་ལས་ ཁ་གསལ་བཟོ་དགོཔ་འདུག་ཟེར་ཨིནམ་ད་ ལྟ་རྟོག་པ་ལ་ལུ་གིས་འབད་བ་ཅིན་ དེ་བཟུམ་མའི་ གནད་དོན་རེ་གཉིས་ བྱུང་ཡོད་པའི་དོགས་པ་ཡང་ཡོད་ཟེར་ཨིན་པས།
གནད་དོན་དེ་དང་འབྲེལ་ དྲང་དཔོན་ཅིག་གིས་ ཁ་གསལ་བཤད་མིའི་ནང་ དོན་ཚན་དེ་༢ ཀྱི་འགྲེལ་བཤད་ཧ་ལམ་ གཅིག་མཚུངས་ཡོད་ནི་དེ་གིས་ རྩོད་ཟླ་དང་ དེ་ལས་ ཉེས་འཛུགས་འབད་མི་ཚུ་གིས་ གོ་སྐབས་ལག་ལེན་འཐབ་ནི་ཡོད་རུང་ དྲང་ཁྲིམས་ཀྱིས་ འཁྲུན་ཆོད་གོ་ལོག་སྦེ་ བཏོན་མི་དེ་ལུ་ ད་ཚུན་ ཁོ་རའི་ཉམས་མྱོང་ལས་འབད་བ་ཅིན་ མ་མཐོང་ཟེར་ཨིན་པས།
དྲང་དཔོན་དེ་གིས་ ཉམས་མྱོང་གསལ་བཤད་འབད་མིའི་ནང་ འཕྲལ་ཁམས་ཅིག་ཁར་ དབང་འདུས་ལས་ སྨྱོ་རྫས་དང་འབྲེལ་བའི་གནད་དོན་ནང་ འཛིན་བཟུང་འབད་ཡོད་པའི་ རྩོད་ཟླ་ཅིག་ ཐིམ་ཕུ་ཁྲིམས་ཀྱི་འདུན་སར་ ལྷོད་ཡོདཔ་ད་ དེ་ནང་རྩོད་ཟླ་དེ་གིས་ སྨྱོ་རྫས་འབོར་ཚད་ཡང་ ལེ་ཤ་མེད་པའི་ཁར་ ཁོ་རའི་དོན་ལུ་ཨིནམ་སྦེ་ ཁོ་རང་དང་གཅིག་ཁར་ དབང་འདུས་ལས་ ཐིམ་ཕུ་ཚུན་འབག་འོང་ཡོད་པའི་ རྒྱུན་མཚན་བཀོད་དེ་ ཚོང་བསྒྱུར་གྱི་ཉེས་འཛུགས་འབད་དེ་ ཁྲིམས་ཁང་ནང་ལྷོད་ཡོདཔ་ལས་ དྲང་ཁྲིམས་ཀྱིས་ ཉེས་འཛུགས་འབད་མི་དེ་ རྒྱུན་མཚན་དང་མ་ལྡནམ་སྦེ་ མཐོང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ རྩོད་ཟླ་ལ་ལུ་གིས་ སྨྱོ་རྫས་འབོར་ཆེ་དྲགས་སྦེ་ བསགས་བཞག་ཡོད་མི་དེ་ འཛིན་བཟུང་འབད་དེ་ ཉེས་བཙུགས་འབད་བའི་སྐབས་ ཁོ་ར་ ངོ་རྐྱང་ལག་ལེན་གྱི་དོན་ལུ་ཨིན་ཟེར་ ཚོང་སྒྱུར་གྱི་དོན་ལུ་ཨིན་པའི་ ངོས་ལེན་མ་འབད་མི་ཡང་ཐོན་རུང་ དེ་ཚུ་ཡང་ གནས་སྟངས་ཀྱིས་ར་ འཆང་སྤྱོད་དང་ ཚོང་བསྒྱུར་གྱི་དོན་ལུ་ཨིན་ན་མེན་ན་ ཧ་གོ་ཚུགསཔ་ལས་ དྲང་ཁྲིམས་ཀྱི་དོན་ལུ་ དོན་ཚན་དེ་གིས་ མགུ་འཐོམ་དགོཔ་མེད་ཟེར་ ཁོ་གིས་བཤད་ཅི།
དྲང་དཔོན་ལ་ལུ་གིས་འབད་བ་ཅིན་ ཁྲིམས་བཟོ་མི་ཚུ་གིས་ དྲང་དཔོན་གྱི་ དབང་ཚད་ལུ་བཞག་པ་ཅིན་ དབང་ཚད་ལོག་སྤྱོད་འབད་ནིའི་ ཚ་གྱང་གིས་ ག་དེ་དྲག་དྲག་ ཚིག་དོན་གྱི་འགྲེལ་བཤད་ཚུ་ ངེས་ཏིག་བཟོ་ཐབས་འབདཝ་མས་ཟེར་ཨིནམ་ད་ དེ་སྦེ་བཟོ་མི་དེ་གིས་ དུས་ཚོད་དང་ གནས་སྟངས་འགྱུར་ཡི་ར་འགྱོཝ་ད་ ལོག་ཅི་ར་ བསྒྱུར་བཅོས་འབད་དགོཔ་འཐོན་ནི་ཨིནམ་ལས་ ཁྲིམས་ཡིག་ཚུ་ གོ་ཡངས་དྲགས་སྦེ་བཞག་དགོཔ་དེ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་བཤད་ཅི།
དྲང་དཔོན་ཅིག་གིས་འབད་བ་ཅིན་ བཅའ་ཁྲིམས་ཚུ་ བསྒྱུར་བཅོས་འབད་དགོ་པ་ཅིན་ གནད་དོན་གལ་ཅན་ དཔེར་ན་ བསྒྱུར་བཅོས་མ་འབད་བ་ཅིན་ དཀའ་ངལ་སེལ་མ་ཚུགསཔ་བཟུམ་ཅིག་ཨིན་ཟེར་ཨིནམ་ད་ བཅའ་ཁྲིམས་དེ་ བསྒྱུར་བཅོས་འབད་དགོ་པའི་གནད་དོན་ཅིག་ ཁ་གསལ་མ་མཐོང་ཟེར་ཨིན་པས།
དེ་མ་ཚད་ བཅའ་ཁྲིམས་དེ་ནང་ཡོད་མི་ ཧ་ལམ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ནང་ཡང་ ཚུད་དེ་ཡོདཔ་ལས་ ད་ཚུན་ བཅའ་ཁྲིམས་དེ་དང་འབྲེལ་བའི་ ལག་ལེན་ནང་ དྲང་ཁྲིམས་ལུ་ དཀའ་ངལ་ཆེ་བའི་ གནས་སྟངས་སྙན་ཞུ་ཅིག་ ག་ནི་ཡང་མ་བྱུང་ཟེར་ཨིན་པས།
ཨིན་རུང་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གི་ ཁྲིམས་དོན་འགོ་དཔོན་གྱིས་ སླབ་མིའི་ནང་ བཅའ་ཁྲིམས་དེ་ བསྒྱུར་བཅོས་འབད་དགོ་པའི་ གནད་དོན་གཞན་ཡང་ ལག་ལེན་འཐབ་པའི་སྐབས་ དོན་ཚན་ཚུ་ འབྲེལ་བ་ཡོད་མི་དང་མེད་མི་ དེ་ལས་ གསརཔ་བཙུག་དགོ་པའི་གནས་སྟངས་ཚུ་ ཐོན་ཡོདཔ་མ་ཚད་ ད་རེས་ནངས་པ་ སྨྱོ་རྫས་དང་འབྲེལ་བའི་ གནས་སྟངས་གསརཔ་གདོང་ལེན་འབད་དགོཔ་ཚུ་ཐོནམ་ལས་ བཅའ་ཁྲིམས་དེ་ཡང་ བསྒྱུར་བཅོས་འབད་དགོ་པའི་ གནས་སྟངས་བྱུང་མི་ལུ་བརྟེན་ གྲ་སྒྲིག་འབད་དོ་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment