གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་དྲག་ཤོས་ཚུ་ལུ་ ངོས་འཛིན་ལག་ཁྱེར།

ཟླ་༥ པའི་ཚེས་༡

མི་དབང་མཆོག་གིས་ སློབ་ཕྲུག་དྲག་ཤོས་ཚུ་ལུ་གནང་མི་ ངོས་འཛིན་ལག་ཁྱེར་ཚུ་ མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ བྱིན་པའི་བསྒང་།
༉ སྐྱེས་ལོ་༡༦ ལང་མི་ སངས་རྒྱས་རྡོ་རྗེ་དེ་ ད་རེས་ནངས་པ་ ཡ་ལྡི་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༠ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ད་ ཁོ་གིས་ ད་ལས་ཕར་ དཔེ་ཆ་ལྷབ་ནི་ལུ་ ཧེང་སྐལ་ར་ བརྩོན་ཤུགས་བསྐྱེད་ཚུགས་ནི་ཨིན་མི་དེ་ཡང་ ཁོ་རའི་མི་ཚེ་ནང་ ནམ་ཡང་བརྗེད་མ་ཚུགས་པའི་ མི་དབང་མངའ་ཞབས་མཆོག་གིས་ ཕྱག་རྟགས་བཀོད་དེ་ཡོད་པའི་ སློབ་ཕྲུག་དྲག་ཤོས་ཀྱི་ ལག་ཁྱེར་ཐོབ་ནི་དེ་གིས་ཨིན་པས།


སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཡ་ལྡི་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ མི་དབང་མཆོག་གིས་གནང་མི་ ལག་ཁྱེར་ཚུ་ མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ སློབ་ཕྲུག་དྲག་ཤོས་ཚུ་ལུ་ བྱིན་ཡི།
ཡ་ལྡི་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ སློབ་ཕྲུག་༥ གིས་ ལག་ཁྱེར་ཚུ་ ཐོབ་ཡོདཔ་ད་ སློབ་ཕྲུག་ཚུ་ སློབ་རིམ་༩ པ་དང་༡༠ པ་ དེ་ལས་༡༡ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
གསེར་གཞོང་འབྲིང་རིམ་སློབ་གྲྭ་འོག་མ་ལས་ སྐྱེས་ལོ་༡༦ ལང་མི་ སངས་རྒྱས་རྡོ་རྗེ་གིས་ སློབ་རིམ་༧ པའི་ནང་ སྐུགས་བརྒྱ་ཆ་༧༦ ཐོབ་སྟེ་ དྲག་ཤོས་ཐོན་ཡོདཔ་ད་ མི་དབང་མཆོག་གིས་ དེ་བཟུམ་མའི་ ལག་ཁྱེར་གནང་མི་ལུ་བརྟེན་ ངལ་རངས་སྦོམ་བྱུང་ཡི་ཟེར་ཨིན་པས།
ཁོ་ར་ སྐྱིད་སྡུག་གྱི་ སློབ་ཕྲུག་ཅིག་འབདཝ་ལས་བརྟེན་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་སྦོམ་ཞུ་ནི་དང་འབྲེལ་ ལག་ཁྱེར་ཐོབ་མི་དེ་གིས་ཡང་ ལྷག་པར་དུ་ དགའ་ཚོར་ཚད་མེད་བྱུང་ཡི་ཟེར་ཨིནམ་ད་ ད་ལས་ཕར་འབད་རུང་ དུས་ཚོད་འཕྲོག་ལག་མ་བཏང་པར་ དཔེ་ཆ་རྩ་འགེངས་ལྷབ་ཞིནམ་ལས་ གཞུང་ལུ་ཕྱག་ཕྱིད་ཞུ་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༡༦ ལང་མི་ ཀརྨ་གཡང་སྐྱིད་ཀྱིས་ སློབ་རིམ་༨ པའི་ནང་ སྐུགས་བརྒྱ་ཆ་༧༨ ཐོབ་སྟེ་ ཡ་ལྡི་འབྲིང་རིམ་གོང་མའི་ སློབ་རིམ་༨ པ་ནང་ལས་ དྲག་ཤོས་ཐོབ་ཡོདཔ་ལས་ མོ་གིས་ཡང་ མི་དབང་མཆོག་ལས་ ལག་ཁྱེར་ཐོབ་མི་ལུ་བརྟེན་ མི་ཚེའི་ནང་ ནང་ཡང་བརྗེད་མ་ཚུགས་པའི་ཁར་ སེམས་ཤུགས་བསྐྱེད་ནིའི་ བློ་སྟོབས་ཡང་ སྦོམ་ར་ ཐོབ་ཅི་ཟེར་ཨིན་པས།
མོང་སྒར་རྫོང་བདག་གིས་ སླབ་མིའི་ནང་ མི་དབང་མཆོག་གིས་ དེ་བཟུམ་མའི་ ལག་ཁྱེར་གནང་མི་དེ་ སློབ་ཕྲུག་ཚུ་ལུ་ ཐུགས་བརྩེ་དང་ བྱམས་སྐྱོང་ དེ་ལས་ ན་གཞོན་ཚུ་ རྒྱལ་ཁབ་ཀྱི་ སྲོག་ཤིང་ཨིན་པའི་ ངོས་འཛིན་ལུ་ ཨིནམ་ལས་ དྲག་ཤོས་ཐོབ་མི་ཚུ་གིས་ ཧེང་སྐལ་ར་ བརྩོན་འགྲུས་བསྐྱེད་ནི་དང་ ལག་ཁྱེར་མ་ཐོབ་མི་ཚུ་གིས་འབད་རུང་ ཡ་རབས་བཟང་པོའི་སྤྱོད་པ་ལུ་ཞུགས་ཏེ་ རྒྱལ་ཁབ་ལུ་ཕྱག་ཕྱིད་ ཞུ་ཚུགསཔ་འབད་དགོ་ཟེར་ཨིན་པས།
སློབ་ཕྲུག་ཚུ་གིས་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་འགྲུབ་ཐབས་ལུ་ ཤེས་རིག་ཡོན་ཏན་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་ སྐལ་བཟང་ཚེ་རིང་གིས་ སླབ་མིའི་ནང་ ལག་ཁྱེར་གནང་མི་ལུ་བརྟེན་ ད་ལས་ཕར་ སློབ་ཕྲུག་ཚུ་གིས་ ཧེང་སྐལ་ར་ དཔེ་ཆ་ལྷབ་ནི་ལུ་ བརྩོན་ཤུགས་བསྐྱེད་ཚུགས་ནི་མས་ཟེར་ཨིན་པས།
ད་ལྟོ་ ཡ་ལྡི་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་ཕྲུག་༧༢༥ དང་ སློབ་དཔོན་༣༤ ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment