གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལས་ཕར་ བརྙས་བཅོས་དང་མེས་མེད་བསྐྱུར་བ་ཅིན་ ཉེས་ཁྲིམས་དམ་དམ་བཀལ་ནི།

གློ་བུར་དུ་ ནད་པའི་སྣུམ་འཁོར་བཏང་སྟེ་ ས་གོ་ནང་ལྷོདཔ་ད་ བརྒྱུད་འཕྲིན་བཏང་མི་དེ་ འཚོལ་མ་ཐོབ་པའི་ཁར་ བརྒྱུད་འཕྲིན་བཏང་རུང་ ཧད་བཏགས་འཚོལཝ་མས་ཟེར་ཨིན་པས།

༉ གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༢༠༡༡ གི་ ཟླཝ་༥ པའི་ནང་ མི་སྡེའི་ཞབས་ཏོག་ཚུ་ ལེགས་ཤོམ་བྱིན་ཐབས་ལུ་ གསོ་བའི་ཞབས་ཏོག་ལྟེ་བ་ཟེར་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ཞབས་ཏོག་དེ་ལུ་ མི་ངན་ཚུ་གིས་ བརྙས་བཅོས་དང་ མེས་མེད་སྐྱུར་མི་ལུ་བརྟེན་ ཞབས་ཏོག་ལེགས་ཤོམ་སྦེ་ བྱིན་མ་ཚུགསཔ་ལས་ ད་ལས་ཕར་ ཁྲིམས་འགལ་གྱི་ལཱ་འབད་མི་ཚུ་ལུ་ ངོས་ལེན་དམ་དམ་འབད་དེ་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ བཀལ་ནི་ཟེར་ཨིན་པས།


དེ་ཡང་ གསོ་བའི་ཞབས་ཏོག་ལྟེ་བ་དེ་གིས་ གློ་བུར་དུ་ རྐྱེན་ངན་ཚབས་ཆེན་ཚུ་ བྱུང་བའི་སྐབས་ལུ་ ནདཔ་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ རིན་མེད་སྟོང་པ་སྦེ་ སྣུམ་འཁོར་གྱི་ ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ཨིན་པས།
ཞབས་ཏོག་དེ་ལུ་ བརྙས་བཅོས་དང་ མེས་མེད་སྐྱུར་མི་ ལོ་༡ ནང་ མི་གྲངས་༣༨༩,༠༤༦ ལྷགཔ་ཅིག་ ཐོན་ཡོདཔ་ཨིན་པས།
གསོ་བའི་ཞབས་ཏོག་ལྟེ་བ་ལས་ ཌོག་ཊར་ ཀརྨ་གིས་ སླབ་མི་དང་འཁྲིལཝ་ད་ ཞབས་ཏོག་གི་ དམིགས་དོན་ལུ་བལྟ་བ་ཅིན་ མི་མང་ཀུན་ལུ་ཕན་པའི་ ཞབས་ཏོག་ཅིག་ཨིནམ་ལས་ ད་ཚུན་ ཞབས་ཏོག་སྤྱོད་མི་༢༧,༡༣༩ དེ་ཅིག་ ཐོན་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ ད་ལྟོའི་བར་ན་ཡང་ ཞབས་ཏོག་དེ་གི་སྐོར་ལས་ མི་ཤེས་པས་ཟེར་ཨིན་པས།
གསོ་བའི་ བརྡ་དོན་འཕྲུལ་རིག་འགོ་དཔོན་ སཱན་ཏོ་འུསི་གིས་ སླབ་མི་དང་འཁྲིལཝ་ད་ ལོ་༡ གི་ནང་འཁོད་ལུ་ མི་ངན་ཚུ་གིས་ གནད་དོན་མ་སླབ་པར་ བརྒྱུད་འཕྲིན་རྐྱངམ་གཅིག་ བཏང་བཞག་མི་༡༥༢,༢༢༢ དང་ བརྒྱུད་འཕྲིན་བཏང་བའི་ཤུལ་ལུ་ རྒྱུན་ལམ་བཏོགས་བཞག་མི་༡༨༩,༤༢༥ བརྙས་བཅོས་དང་ བཙོག་གཏམ་ དེ་ལས་ དམའ་ཕབ་ཀྱི་ཚིག་ངན་སླབ་མི་༢༧,༢༨༨ བརྒྱུད་འཕྲིན་འཐུ་ཞིནམ་ལས་ ཁུ་སིམ་སི་སྦེ་སྡོད་མི་དང་ འུར་སྐད་ཐོག་ལས་དཀྲོགས་མི་༡༩,༧༤༠ དེ་ལས་ ཞིབ་དཔྱད་ཐོག་ལས་བཏང་མི་༣༧༡ དེ་ཅིག་ འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ལུ་བརྟེན་ ལས་བྱེདཔ་ཚུ་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་བྱུང་བཅུག་པའི་ཁར་ ནདཔ་ངོ་མ་ཚུ་ལུ་ བར་རྐྱེན་རྐྱབ་པའི་སྐབས་ ཞབས་ཏོག་ཚུ་ ས་གནས་ཁར་ དུས་ཐོག་ལྷོད་མ་ཚུགས་པའི་དཀའ་ངལ་ གཅིག་ཤུལ་གཉིས་སྦེ་ བྱུང་དོ་ཡོདཔ་ལས་ བར་ཆད་རྐྱབ་མི་ཚུ་གི་ བརྒྱུད་འཕྲིན་ཨང་གྲངས་དང་ ཁོང་རའི་སྐད་ཚུ་ སྒྲ་བཟུང་བཞག་སྟེ་ཡོད་ཟེར་ སླབ་ཨིན་པས།
དེ་ཡང་ མི་ཅིག་གིས་ བརྒྱུད་འཕྲིན་བཏངམ་ད་ གཅིག་གིས་ སྔུ་རྫུས་བཏབ་སྟེ་ གློ་བུར་དུ་ ས་གོ་ནང་ ལྷོད་དགོ་པའི་སྐོར་ལས་ སླབ་པའི་སྐབས་ ཁོང་གིས་ དེ་འཕྲོ་ལས་ ནད་པའི་སྣུམ་འཁོར་བཏང་སྟེ་ ས་གོ་ནང་ལྷོདཔ་ད་ བརྒྱུད་འཕྲིན་བཏང་མི་དེ་ འཚོལ་མ་ཐོབ་པའི་ཁར་ བརྒྱུད་འཕྲིན་བཏང་རུང་ ཧད་བཏགས་འཚོལཝ་མས་ཟེར་ཨིན་པས།
གསོ་བའི་ཞབས་ཏོག་ལྟེ་བའི་ སྙན་ཞུ་དང་འཁྲིལཝ་ད་ གློ་བུར་ཚབས་ཆེན་བྱུང་བའི་ རྐྱེན་ངན་ནང་ ཞབས་ཏོག་ངེས་བདེན་དགོཔ་སྦེ་ བརྒྱུད་འཕྲིན་བཏང་མི་༡༠,༢༦༦ ལྷོད་ཡོདཔ་བཞིན་དུ་ གློག་རིག་ཡོངས་འབྲེལ་གྱི་ཐོག་ལས་ ཞབས་ཏོག་སྤྱོད་མི་༡༥,༡༩༦ ཐོན་ཡོདཔ་ཨིན་པས།
རྫོང་ཁག་༢༠ གི་གྲས་ལས་ ཞབས་ཏོག་ལག་ལེན་འཐབ་མི་ མང་ཤོས་ཐིམ་ཕུ་རྫོང་ཁག་ལས་༡,༢༥༠ དང་ དམའ་ཤོས་མགར་ས་རྫོང་ཁག་ལས་༣༤ ཐོན་ཡོདཔ་ཨིན་པས།
ཌོག་ཊར་ ཀརྨ་གིས་ འབད་བ་ཅིན་ གསོ་བའི་ཞབས་ཏོག་དེ་ གཞི་བཙུགས་འབད་དེ་ ལོ་༡ ལང་རུང་ ད་ལྟོ་ མི་སེར་མང་ཤོས་ཅིག་གིས་ ཧ་མི་གོ་བས་ཟེར་ཨིནམ་ད་ དེ་ཡང་ མི་ལ་ལུ་ཅིག་གིས་ ཞབས་ཏོག་དེ་ ངེས་བདེན་ཨིན་ན་མེན་ན་ ཞིབ་དཔྱད་འབད་ནིའི་དོན་ལུ་ བརྒྱུད་འཕྲིན་བཏངམ་མས་ཟེར་ཨིན་པས།
མི་ལ་ལུ་ཅིག་གིས་ ཤེས་ཅི་མཐོང་ཅི་ར་ བརྙས་བཅོས་འབདཝ་མས་ཟེར་ཨིནམ་ད་ ད་ལས་ཕར་ བརྒྱུད་འཕྲིན་ཚར་༣ ལས་བརྒལ་དཀྲོགས་མི་འཐོན་པ་ཅིན་ དང་པ་ བརྒྱུད་འཕྲིན་གྱི་རྒྱུན་ལམ་ བཏོག་གཏང་ནི་དང་ གཉིས་པ་ རྒྱུན་ལམ་གཞན་ལས་ བཙོག་ཁ་དང་ བརྙས་བཅོས་འབད་བ་ཅིན་ སྒྲ་བཟུང་ཐོག་ལས་ ཁྲིམས་སྲུང་འགག་པ་ལུ་ སྤྲོད་ནི་དང་ གསུམ་པ་ ཁྲིམས་དང་འཁྲིལ་ ཉེས་ཁྲིམས་བཀལ་ནི་ཟེར་ སླབ་ཨིན་པས།
འགོ་དཔོན་ལ་ལུ་ཅིག་གིས་ ཞབས་ཏོག་དེ་གི་སྐོར་ མི་མང་ལུ་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment