གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ ཀེ་བ་སྲུང་ནི་དེ་ དོ་འགྲན་ཅན།

༢/༥/༢༠༡༢

༉ ཧཱ་ལུ་ ད་ལས་ཕར་ ལོ་ཐོག་ཀེ་བའི་འཛུགས་སྐྱོང་དང་འབྲེལ་བའི་ ཐོན་སྐྱེད་ཀྱི་ལཱ་འབད་བའི་དུས་ཚོད་ཅིག་འབད་ནི་དེ་གིས་ སོ་ནམ་ཞིང་པའི་མི་སེར་ཚུ་ རི་ཕག་ལས་ ཀེ་བ་སྲུང་སྐྱོབ་འབད་དོན་ལུ་ ཐབས་རིག་སྣ་ཚོགས་སྟོན་ཐོག་ལས་ ནུབ་མོ་ཞག་ཡང་ ལེགས་ཤོམ་སྦེ་ཉལ་ནི་ ཐོབ་མི་ཚུགསཔ་ཨིན་པས།


མི་སེར་སོ་ནམ་པ་ལ་ལུ་ཅིག་གིས་ ཀེ་བ་འཛུགས་སྐྱོང་འཐབ་སའི་ཞིང་ཁར་ ཡོར་མོ་ཟེར་ མི་གི་བཟོ་རྣམ་བཟུམ་བཟོ་སྟེ་ ཤིང་རྒྱ་གྲམ་སྦེ་བཟོ་མིའི་གུ་ གོ་ལ་ཚུ་གྱོན་བཞག་དོ་ཡོདཔ་ད་ ལ་ལུ་གིས་ རྒྱང་བསྒྲགས་རེ་ཌི་བོ་དང་ ལ་ལུ་ཅིག་གིས་ ཞིང་ཁ་ར་ གནས་སྐབས་ཀྱི་ སྦ་སྒོར་ཚུ་བཟོ་ཞིནམ་ལས་ ཐོག་སྲུང་སྡོད་དོ་ཡོདཔ་ཨིན་པས།
སྦྱིས་རྒེད་འོག་ལས་ སྐྱེས་ལོ་༣༧ འབད་མི་ ཚེ་རིང་དབྱངས་འཛོམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་བྱཱར་ ཀེ་བ་བཙུག་ནི་འགོ་བཙུགས་ཞིནམ་ལས་ཚུར་  ང་བཅས་ཀྱིས་ རང་གི་ཁྱིམ་ནང་ སྐྱིད་ཏོང་ཏོ་སྦེ་ཉལ་ནིའི་ དུས་ཚོད་གནམ་མེད་ས་མེད་ཅིག་ར་ མི་འཐོབ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཕྱི་རུའི་ལྟོ་བཟའ་ཚརཝ་ཅིག་ རང་གི་བཟའ་ཚང་དང་གཅིག་ཁར་སྡོད་ནིའི་དུས་ཚོད་མེད་པར་ ཞིང་ཁར་ ཕགཔ་སྲུང་པ་འགྱོ་དགོ་ཟེར་ཨིན་པས།
གལ་སྲིད་ལཱ་གི་བྱ་སྟབས་མ་བདེཝ་ཐོན་སྟེ་ ཀེ་བ་སྲུང་མ་ཚུགས་པ་ལུས་སོ་པ་ཅིན་ ལོ་བསྟར་གྱི་ འོང་འབབ་ལུ་ ཐོ་སྦོམ་སྦེ་ར་ ཕོགཔ་མས་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ དཀར་མཚོ་རྒེད་འོག་ལས་ ཨམ་ཚེ་རིང་གིས་བཤད་དོ་བཟུམ་འབད་བ་ཅིན་ མོ་ལུ་ མི་སྟོབས་ལངམ་མེད་མི་ལུ་བརྟེན་ རི་ཕག་ལས་ ཀེ་བ་སྲུང་སྐྱོབ་འབད་ཐབས་ལུ་ ཞིང་ཁར་ གློག་མེ་ཐགཔ་འཐེན་ཞིནམ་ལས་ ནུབ་གཅིག་ར་རྒྱང་བསྒྲགས་རེ་ཌི་བོ་ བཏང་བཞགཔ་ད་ ཀེ་བའི་ཞིང་ནང་ གནོདཔ་སྐྱེལ་བར་འོང་མི་སེམས་ཅན་ཚུ་གིས་  ཞིང་ཁར་མི་ཡོད་པའི་དོགས་སྣང་བསྐྱེད་དེ་ ལོག་འགྱོ་དོ་ཡོདཔ་ལས་ཐབས་ཤེས་དེ་གིས་ ཕན་ཐོགས་སྦོམ་ར་འདུག་ཟེར་ཨིན་པས།
གཞན་ཡང་ ཤིང་གུ་ལུ་ གོ་ལ་ར་རྡུག་གྱོན་ཐོག་ལས་ བཟོ་བཞག་དོ་ཡོད་མི་དེ་གིས་ ཡུན་རིང་ལུ་ ཕན་ཐོགས་བྱུང་མི་ཚུགས་པས་ཟེར་ ཨཔ་འཕྲིན་ལས་རྡོ་རྗེ་གིས་བཤད་པའི་ཁར་ ཁོ་གིས་ ལོ་ཨ་རྟག་རང་ དེ་བཟུམ་གྱི་ལག་ལེན་འཐབ་དོ་ཡོད་རུང་ རི་ཕག་ཚུ་གིས་ གནོདཔ་བསྐྱལཝ་མས་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ ནུབ་མོ་ཨ་རྟག་ར་ མི་ཅིག་ཞིང་ཁར་ ཐོག་སྲུང་ནིའི་དོན་ལུ་ ཉལ་བ་འགྱོ་དགོ་ཟེར་ཨིནམ་ད་ ཞིང་ཁར་ཉལཝ་ད་ཡང་ གཉིད་ལོག་སྡོད་ནི་མེན་པར་ འཕྲལ་འཕྲལ་སྦེ་ར་ ལྕགས་ཊིན་ཚུ་བརྡུང་ཐོག་ལས་ སྐད་རྐྱབ་སྡོད་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞིང་ཁར་ཉལ་བ་འགྱོ་ནི་དེ་ ཚེ་སྲོག་ལུ་ཉེན་ཁ་སྦོམ་འདུག་ཟེར་སླབ་མི་དེ་ཡང་ རི་ཕག་ལ་ལུ་ཅིག་གིས་ ཞིང་ཁ་ལས་མི་གིས་ ལྕགས་ཊིན་ག་དེ་སྦེ་རང་བརྡུང་རུང་ དེ་ལུ་ཚེར་སྣང་སྐྱེད་མ་བཏུབ་པར་སྡོད་མི་ཡང་ཡོདཔ་ལས་ དེ་ཚུ་བདའ་ནི་ལུ་ གནམ་ནུབ་མོར་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
འདི་བཟུམ་གྱི་དཀའ་ངལ་ཚུ་བྱུངམ་ད་ སྣང་མེད་སྦེ་བཀོ་བཞག་ད་པ་ཅིན་ ལཱ་རྩ་འགེངས་འབད་བའི་མཐའ་མ་ལུ་ གྲུབ་འབྲས་ག་ནི་ ཡང་བྱུང་མི་ཚུགས་ནི་ཨིནམ་ལས་ ཚེར་སྣང་ནང་ འཇིགས་སྣང་ཚུ་བཤོལ་བཞག་སྟེ་ སེམས་ཁར་ཚ་གྱང་འབག་ཐོག་ལས་ ཀེ་བ་སྲུང་པར་འགྱོ་དོ་ཟེར་ཨིན་པས།
ད་ལྟོ་ གཡུས་སྒོའི་ནང་ ལཱ་གཙོ་ཆེ་ཤོས་དེ་ ཀེ་བའི་ལཱ་ཨིནམ་ལས་ ཁྱིམ་ཚང་ག་ར་གིས་ རང་སོའི་ཞིང་ཁར་ ཀེ་བ་སྲུང་པར་འགྱོ་དོ་ཟེར་ འཕྲིན་ལས་རྡོ་རྗེ་གིས་བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment