གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནགས་ཚལ་བརྒྱ་ཆ་༦༠ ཉེན་སྲུང་ཐོག་ བཞག་ནི་ལུ་དོ་འགྲན།

༡༢༠༥/༡༢ 

སྤྱི་ལོ་༢༠༡༡ ལུ་ ནགས་ཚལ་མེ་རྐྱེན་བསྡོམས་༤༠ བྱུང་མི་དེ་གིས་ ནགས་ཚལ་ཧེག་ཊར་༡༤,༨༣༢ འཚིགས་ཡོདཔ་ཨིན་པས།
 


༉ རྒྱལ་ཁབ་ནང་ གནམ་དགུན་གྱི་སྐབས་ལུ་ ནགས་ཚལ་མེ་རྐྱེན་ཚུ་ འཕྲལ་འཕྲལ་སྦེ་ར་ བྱུང་དོ་ཡོད་མི་ལུ་བརྟེན་ མ་འོངས་པའི་ལོ་ཚུ་ནང་ རྒྱལ་ཁབ་ཀྱི་ས་ཆ་ལས་ བརྒྱ་ཆ་༦༠ ནགས་ཚལ་སྦེ་ ཉེན་སྲུང་བཞག་ནིའི་ལུ་ དོ་འགྲན་སྦོམ་བྱུང་དོ་ཡོདཔ་ཨིན་པས།


དེ་བཟུམ་མའི་ རྐྱེན་ངན་ཚུ་ཡང་ གཙོ་བོ་ར་ སའི་ཆགས་ཚུལ་དོག་དྲགས་དང་ རྩྭ་སྐམ་ རླུང་ཤུགས་འཕུ་མི་ དེ་ལས་ ནགས་ཚལ་མེ་རྐྱེན་བཀག་ནིའི་ནང་ སྦྱོང་བརྡར་ཅན་གྱི་ ལས་བྱེདཔ་ཚུ་ མེད་མི་ལུ་བརྟེན་ཏེ་ བྱུང་དོ་ཡོདཔ་ཨིན་པས།
དཔེ་འབད་བ་ཅིན་ སྤྱི་ལོ་༡༩༩༣ ལས་༢༠༠༥ ཚུན་ ལོ་ངོ་༡༣ གྱི་རིང་ ནགས་མེ་ཁག་༨༦༨ བྱུང་མི་ལུ་བརྟེན་ ནགས་ཚལ་ཧེག་ཊར་༡,༢༨,༣༦༨ འཚིགས་ཡོདཔ་ད་ ནགས་ཚལ་དེ་ རྒྱལ་ཁབ་ཀྱི་ རང་བཞིན་འོང་འབབ་བཟོ་ས་ ངོ་མ་ཅིག་ཨིནམ་ལས་ བདག་འཛིན་འཐབ་དགོཔ་དེ་ གནམ་མེད་ས་མེད་ གལ་ཆེཝ་ཨིན་པས།
དེ་ལུ་བརྟེན་ ནགས་མེ་བཀག་ཐབས་ཀྱི་ ཐབས་ལམ་ཚུ་ ཡར་དྲག་གཏང་སྟེ་ མེ་རྐྱེན་ཚུ་ བཀག་ནི་དང་ འཛིན་སྐྱོང་འཐབ་ནི་ཚུ་ལུ་ རྒྱལ་ཡོངས་ཀྱིས་ གཙོ་རིམ་བཟུང་བཞིན་དུ་ ཡོདཔ་ཨིན་པས།
ནགས་ཚལ་མེ་རྐྱེན་ལས་ཁུངས་ཀྱི་ ཐོ་བཀོད་དང་འཁྲིལཝ་ད་ མི་སེར་ཚུ་ལུ་ ཧུམ་རྩྭ་བསྡུ་ནི་དང་ གཞུང་ས་ཚུ་ རྩྭ་འབྲོག་སྦེ་ ལག་ལེན་འཐབ་ནིའི་ དབང་ཆ་ཡོད་མི་དང་འཁྲིལ་ ནགས་ཚལ་མེ་རྐྱེན་གྱི་ དུས་ཚོད་ཚུ་ནང་ རྩྭ་ཚུ་ ལོག་ལེགས་ཤོམ་སྦེ་ སྐྱེ་བཅུག་ནིའི་དོན་ལུ་ ནགས་ཚལ་ལུ་ མེ་སྤར་མི་དང་ སོ་ནམ་ཞིང་ཚུ་ནང་ རག་རོག་མེ་བཏང་བའི་ གནད་དོན་ཚུ་ རྒྱ་ཆེ་དྲགས་སྦེ་ ཐོན་དོ་ཡོདཔ་སྦེ་ བཀོད་ནུག།
ནགས་ཚལ་མེ་རྐྱེན་གྱི་ དུས་ཚོད་དེ་ སྤྱི་ཟླ་༡༡ པ་ལས་༥ པ་ཚུན་ཨིནམ་ལས་ ཨ་ལུ་ཚུ་གིས་ མེ་ཀྲེག་རྩེད་མི་དང་ ནོར་རྗིཔ་ཚུ་ གོང་འཕེལ་གྱི་ལས་སྣ་ དེ་ལས་ གློག་རྒྱུན་ཚུ་ལུ་བརྟེན་ ཤོར་དོ་ཡོདཔ་སྦེ་ གསལ་བཀོད་འབད་ཡོད་རུང་ སྤྱི་ལོ་༡༩༩༠ གོ་གྲངས་ལས་ གནད་དོན་ཚུ་ མར་བབས་སོང་མི་དེ་ཡང་ གྲོང་གསེབ་ཚུ་ནང་ ཤེས་རིག་དང་ རྒྱང་མཐོང་ཊི་བི་ དེ་ལས་ རེ་ཌིའོ་ཚུ་ གཞི་བཙུགས་འབད་མི་ལུ་བརྟེན་ ཨིནམ་སྦེ་བཀོད་ནུག།
སྤྱི་ལོ་༡༩༨༨ ལས་འགོ་བཙུགས་ ༢༠༠༤ ཚུན་གྱི་ གནད་སྡུད་དང་འཁྲིལ་བ་ཅིན་ ནགས་ཚལ་མེ་རྐྱེན་ཚུ་གི་གྲས་ལས་ བརྒྱ་ཆ་༦༠ རྩྭ་འབྲོག་ཚུ་ནང་ ཤེས་བཞིན་དུ་ རྩྭ་གསརཔ་སྐྱེ་བཅུག་ནིའི་དོན་ལུ་དང་ ཧུམ་རྩྭ་ དེ་ལས་ སོ་ནམ་ཞིང་ཚུ་ནང་ རག་རོག་མེ་བཏང་མི་ལུ་བརྟེན་ཏེ་ བྱུག་ཡོདཔ་ད་ བརྒྱ་ཆ་༢༠ ཨ་ལུ་ཚུ་གིས་ མེ་ཀྲེག་རྩེདམོ་རྩེ་མི་དང་ འཁོར་ལམ་ཚུ་ནང་ ལཱ་འབད་མི་ དེ་ལས་ མཛར་ཅུམ་བཟའ་བར་ འགྱོ་མི་ཚུ་ལུ་བརྟེན་ བྱུང་ཡོདཔ་སྦེ་བཀོད་ནུག།
དེ་ལས་ བྱ་སྟབས་མ་བདེ་བའི་ གནད་དོན་ཚུ་ལུ་བརྟེན་ མེ་རྐྱེན་ཤོར་བའི་གནད་དོན་ བརྒྱ་ཆ་༡༥ དང་ བྱུང་རྐྱེན་ག་ཅི་ཨིན་ན་ མ་ཤེས་པའི་ གནད་དོན་བརྒྱ་ཆ་༥ ཡོདཔ་སྦེ་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ལུ་ ནགས་ཚལ་མེ་རྐྱེན་ཁག་༤༠ བྱུང་མིའི་ནང་ ནགས་ཚལ་ཧེག་ཊར་༡༤,༨༣༢ འཚིགས་ཡོདཔ་ད་ དེ་གི་གྲས་ལས་ མཐོ་ཤོས་དེ་ ལྷུན་རྩེ་རྫོང་ཁག་ལུ་ མེ་རྐྱེན་ཁག་༩ བྱུང་མི་ནང་ ནགས་ཚལ་ཧེག་ཊར་༧༨༢༦ མེདཔ་བཏང་ཡོདཔ་ཨིན་པས།
མེ་རྐྱེན་གྱི་ གནད་དོན་ཐད་ལས་འབད་བ་ཅིན་ ཐིམ་ཕུ་ལུ་ ཁག་༡༣ བྱུང་མི་དེ་ མཐོ་ཤོས་ཨིན་རུང་ ནགས་ཚལ་ཧེག་ཊར་༡,༠༠༣ ལས་མ་འཚིགསཔ་ད་ དེ་ལུ་ ནགས་ཚལ་མེ་རྐྱེན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་ས་ཐིམ་ཕུ་ལུ་ དེ་བཟུམ་མའི་ མེ་རྐྱེན་ཚུ་བྱུང་བའི་སྐབས་ མི་ག་གིས་ཡང་ ཤེསཔ་མ་ཚད་ དུས་ཚོད་ཁར་ མེ་བསད་པར་ འགྱོ་ཚུགས་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ མེ་རྐྱེན་གྱི་ གནད་དོན་ཁག་༢༡ ཐོན་མི་ལུ་བརྟེན་ ས་ཆ་ཧེག་ཊར་༦,༢༩༤ འཚིགས་ཡོད་མིའི་ནང་ མེ་རྐྱེན་གྱི་གྱངས་ཁ་ མཐོ་ཤོས་དེ་ ཐིམ་ཕུ་ལུ་ བྱུད་ཡོདཔ་ད་ གནོད་སྐྱོན་མཐོ་ཤོས་དེ་ གསར་སྤང་ལུ་ ཧེག་ཌར་༡,༩༠༦ འཚིགས་མི་དེ་ ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༡ དང་༢༠༡༢ ལུ་བྱུང་མི་ མེ་རྐྱེན་ཚུ་ མང་ཤོས་ར་ མི་ཚུ་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་རུང་ དེ་གི་སྐོར་ལས་ དབྱེ་ཞིབ་ཀྱི་སྙན་ཞུ་ཚུ་ ལེགས་ཤོམ་སྦེ་ ཐོབ་མ་ཚུགས་པར་ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment