གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་སྡེ་ཚུ་ལུ་ཡང་ རྩིས་ཞིབ་འབད་ནི།

༡༢༠༥/༡༢
རྒྱལ་ཁབ་ནང་འཁོད་ཀྱི་ རྩིས་འཛིན་པ་༣༦ གིས་ རྩིས་དེབ་བཞག་ཐངས་ཀྱི་ སྦྱོང་བརྡར་འབད་བའི་བསྒང་ཡོདཔ།
ཆོས་སྡེ་ཁག་གི་ རྩིས་འཛིན་པ་ཚུ་ སྦྱོང་བརྡར་འབད་བའི་བསྒང་།
 


༉ རྒྱལ་ཁབ་ནང་འཁོད་ཀྱི་ ཆོས་སྡེ་ཁག་སོ་སོ་ལས་ རྩིས་འཛིན་པ་༣༦ གིས་ ཕུན་ཚོགས་གླིང་ལུ་ བདུན་ཕྲག་༢ ཀྱི་ རྩིས་འཛིན་བཞག་ཐངས་ཀྱི་ སྦྱོང་བརྡར་འབད་བའི་བསྒང་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ཡང་ ཆོས་སྡེ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༧ གྱི་ ཆོས་སྡེའི་བཅའ་ཁྲིམས་ཀྱི་ དགོས་མཁོ་དང་འཁྲིལ་ ད་རེས་འགོ་དང་པ་ བྱིན་དོ་ཡོདཔ་ད་ བཅའ་མར་གཏོགས་མི་ཚུ་གིས་ རྫོང་ཁ་ཡུ་ནི་ཀཱོཌ་ལག་ལེན་འཐབ་ཐོག་ལས་ རྫོང་ཁའི་ནང་ རྩིས་དེབ་འཛིན་སྐྱོང་འབད་ཐངས་ཚུ་ ལྷབ་དོ་ཡོདཔ་ཨིན་པས།


ཆོས་སྡེའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཆོས་སྡེ་ཚུ་གིས་ ལོ་བསྟར་གྱི་ རྩིས་ཞིབ་དོན་ལུ་ རྩིས་དེབ་སོ་སོར་ བཞག་དགོཔ་སྦེ་ཡོད་རུང་ ད་ཚུན་གྱི་བར་ན་ ལག་ལེན་མ་འཐབ་པར་ ལུས་ཡོདཔ་ཨིན་པས།
ཆོས་སྡེའི་བཅའ་ཁྲིམས་ ཆ་འཇོག་གྲུབ་ཞིནམ་ལས་ཚུར་ ཆོས་སྡེ་ཕུད་རྡོག་གཅིག་གིས་ར་ རྩིས་འཛིན་ཚུ་ འབྲེལ་ཡོད་དབང་འཛིན་ལུ་ མ་ཕུལ་བར་ ལུས་མི་དེ་ཡང་ རྩིས་འཛིན་པ་ཚུ་ལུ་ རྩིས་དེབ་བཞག་ནི་དང་ སྙན་ཞུ་འབད་ཐངས་ཀྱི་ ཡོན་ཏན་མེདཔ་མ་ཚད་ རྫོང་ཁའི་གློག་རིག་ལག་ལེན་ཐོག་ལས་ རྩིས་དེབ་ལག་ལེན་འཐབ་མ་ཤེས་མི་ལུ་བརྟེན་ཨིན་ཟེར་ ཆོས་སྡེ་ལྷན་ཚོགས་ཀྱི་ ལས་རིམ་གཙོ་འཛིན་འོག་མ་ ཕུར་པ་རྡོ་རྗེ་གིས་ སླབ་ཨིན་པས།
ཆོས་སྡེ་ལྷན་ཚོགས་ཀྱིས་ ངོས་འཛིན་གྱི་དོན་ལུ་ ཐོ་བཀོད་འབད་ཡོད་མི་ རྒེད་འོག་དང་ ཡང་ཅིན་ གཡུས་ཚན་ཁག་སོ་སོའི་ ཆོས་སྡེ་ཚུ་ལུ་ ལྟ་རྟོག་འབདཝ་ཨིན་རུང་ དངུལ་འབྲེལ་ནང་ ལྟ་རྟོག་འབད་ནི་མེདཔ་ཨིན་པས།
ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་མི་ ཆོས་སྡེ་ཚུ་ ཁྲལ་ལས་ ཡངས་ཆག་ཨིནམ་ད་ ད་ཚུན་གྱི་བར་ན་ ཆོས་སྡེ་ལྷན་ཚོགས་དང་ ཐོ་བཀོད་འབད་ཚར་མི་ ཆོས་སྡེ་༣༦ ཡོདཔ་ཨིན་པས།
ད་རིས་ཀྱི་ སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ ཆོས་སྡེ་ཁག་སོ་སོའི་ དགེ་སློང་དང་ ཨ་ནེམོ་ སྒོམ་ཆེན་ དེ་ལས་ ཨམ་སྲུ་དག་པ་ཅིག་གིས་ ད་ལས་ཕར་ རྩིས་དེབ་འཛིན་སྐྱོང་འཐབ་ཚུགས་ནི་དང་ སང་ཕོད་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་ནི་ འགོ་བཙུག་ནི་ཨིན་པས།
རྩིས་ཞིབ་པ་ཚུ་གིས་ ཆོས་སྡེ་གིས་ཐོབ་མི་ གྲོགས་རམ་དང་ ཞལ་འདེབས་མ་དངུལ་ཚུ་ ག་དེ་སྦེ་ ལག་ལེན་འཐབ་ཡོདཔ་ཨིན་ན་ རྩིས་ཞིབ་འབད་འོང་ཟེར་ ཕུར་པ་རྡོ་རྗེ་གིས་ བཤདཔ་མ་ཚད་ དེ་སྦེ་ རྩིས་ཞིབ་འབད་དགོ་མི་དེ་ཡང་ ཞལ་འདེབས་མ་དངུལ་ཚུ་ ལོག་སྤྱོད་མ་འབད་བར་ ཚུལ་མཐུན་སྦེ་ ལག་ལེན་འཐབ་ནི་དང་ ཞལ་འདེབས་ཐོབ་མི་ཚུ་ གྲོགས་རམ་ཚུལ་མཐུན་སྦེ་ བྱིན་མི་ལས་ཐོབ་ཡོདཔ་ ངེས་བདེན་བཟོ་ཐབས་ལུ་ཨིན་ཟེར་ སླབ་ཨིན་པས།
ད་རེས་ གློག་རིག་ཀམ་པུས་ཊར་འགོ་དང་པ་ ལག་ལེན་འཐབ་མི་ རྩིས་འཛིན་པ་དག་པ་ཅིག་གིས་ སླབ་མིའི་ནང་ ཆོས་སྡེའི་བཅའ་ཁྲིམས་ལུ་ གནས་ཐབས་ལུ་ ཁོང་ཆ་ཁྱབ་ རྩིས་འཛིན་བཞག་ཐངས་ཚུ་ ལྷབ་སྦྱང་འབད་བར་ བཏང་ཡི་ཟེར་ཨིནམ་ད་ ཁོང་གིས་འབད་བ་ཅིན་ སྦྱོར་བརྡར་དེ་ འཇམ་ཏོང་ཏོ་ཅིག་མེན་རུང་ རྩ་འགེངས་ཏེ་ ལྷབ་འོང་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment