གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱང་སྟོར་ཤོར་མི་བུཚ་ ཕམ་སྤུན་ཆ་དང་ ལོག་བསྡོམས་ཡོདཔ།

གཞལམ་སྒང་ལུ་ལོག་ལྷོད་མི་ བཀྲིས་ཕུན་ཚོགས་དང་ ཁོ་གི་ཨའི་
དེ་ལས་ ཨ་ཞེམོ་ཚུ།


སྤྱི་ཟླ་༥ པའི་ཚེས་༣། ༉ ན་ཧིང་ སྤྱི་ཟླ་༩ པའི་ནང་ བྱང་སྟོར་ཏེ་ ཟླཝ་༦ གི་རྒྱབ་ལས་ གཞལམ་སྒང་ལས་ སྐྱེས་ལོ་༡༥ ལང་མི་ བཀྲིས་ཕུན་ཚོགས་དེ་ སྤྱི་ཟླ་༥ པའི་ཚེས་༡ ལུ་ཁོ་རའི་ཕམ་སྤུན་ཆ་དང་ ལོག་བསྡོམས་ཚུགས་ཡོདཔ་ཨིན་པས།

དེ་ཡང་ དགེ་ལེགས་ཕུག་ལུ་ བཟའ་ཚང་ནང་མི་ཅིག་གི་ མེ་སྦྱང་འབད་སར་སོང་མི་ བཟའ་ཚང་འཐུས་མི་ཚུ་གིས་ བཀྲིས་ཕུན་ཚོགས་དེ་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལས་ རྩིས་ལེན་ཏེ་ གཞལམ་སྒང་ལུ་ ཁྱིད་སོང་ཡོདཔ་ད་ བཀྲིས་དེ་ ཐིམ་ཕུ་ལུ་ རི་ནུའི་སྡོད་ཁང་ནང་ཞག་༡ སྡོད་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ དགེ་ལེགས་ཕུག་ལུ་ ཁྱིད་བསྐྱལ་ཡོདཔ་ཨིན་པས།
ངེ་གི་བུ་དེ་ ལོག་ལྷོད་ནི་དེ་གིས་ ང་ གནམ་མེད་ས་མེད་ སེམས་དགའ་ཡོདཔ་མ་ཚད་ ཁོ་ རྒྱལ་ཁབ་ནང་ ལོག་བཏོན་ནི་ལུ་ གྲོགས་རམ་འབད་མི་ ཆ་མཉམ་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ སྐྱེས་ལོ་༤༤ ལང་མི་ ཨའི་པདྨ་གཡང་འཛོམས་ཀྱིས་ སླབ་པའི་ཁར་ འདི་བཟུམ་མའི་ རྒྱབ་སྐྱོར་དང་ ཆ་རོགས་འབད་མི་མེད་པ་ཅིན་ མོ་རའི་བུ་དེ་ མུམ་བཱ་ཡེ་ལས་ ཁྱིམ་ནང་ལོག་བཏོན་མ་ཚུགསཔ་འོང་ཟེར་ སླབ་ཨིན་པས།
པདྨ་གཡང་འཛོམས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ མོ་གི་བུ་དེ་ ཉམས་ཤོར་ཡོདཔ་མ་ཚད་ གདོང་བཀྱག་མེདཔ་ཐལ་ཏེ་ ཧེ་མ་བཟུམ་སྦེ་ བློ་ཡང་གངམ་མི་སླབ་པས་ཟེར་ཨིནམ་ད་ བུ་དེ་གིས་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ བར་མཚམས་ལས་ ཤེས་ཡོན་འཕྲོ་མཐུད་ལྷབ་ནི་གི་ དང་འདོད་ཡོད་རུང་ ཁོ་ར་རྐྱངམ་གཅིག་ སློབ་གྲྭ་ནང་ གཏང་ནི་ལུ་ འདྲོག་སྣང་བྱུངམ་མས་ཟེར་ ཨའི་གིས་ སླབ་ཨིན་མས།
བཀྲིས་ཕུན་ཚོགས་ཀྱིས་འབད་བ་ཅིན་ ཁོ་གི་ མི་ཚེའི་ནང་ ཁོ་རའི་ཨ་པ་མཐོང་མཐོངམ་མེདཔ་ལས་ ཨའི་རྐྱངམ་གཅིག་ མཐའ་སྐྱོང་འབད་འོང་ཟེར་ཨིན་པས།
བཀྲིས་དེ་ སློབ་གྲྭ་ནང་ འགྱོ་ནིའི་དོན་ལུ་ ཁོ་རའི་ཁྱིམ་ དབང་འདུས་པཱམ་ལས་ ཀི་ལོ་མི་ཊར་༢ ལྷགཔ་ཅིག་ ལམ་འགྱོ་དགོཔ་བཞིན་དུ་ ན་ཧིང་ སྤྱི་ཟླ་༩ པའི་ནང་ ཁོ་ར་ ཁྱིམ་ནང་འོང་པའི་ལམ་ཁར་ ངོ་མ་ཤེས་མི་ ཕོ་སྐྱེས་༢ དང་ ཨམ་སྲུ་ཅིག་གིས་ བཀྲིས་ལུ་ ཁོང་རའི་སྣུམ་འཁོར་ནང་ བསྐྱལ་བྱིན་གེ་ཟེར་སླབ་སྟེ་ བཙུགས་འབག་པའི་ཤུལ་ལུ་ བཟི་སྨན་བྱིན་ཐོག་ལས་ རྒྱ་གར་གྱི་ཁྲོམ་ཚོགས་ མུམ་བཱ་ཡེ་ལུ་ ཁྱིད་སོང་སྟེ་ བཟའ་ཁང་ཅིག་ནང་ བཙོང་ཡོདཔ་ཨིན་པས།
ཁོ་ར་ ཁྱིམ་ནང་ལྷོདཔ་ད་ དམྱལ་ཁམས་ལས་ ཐར་དོ་བཟུམ་མའི་ ཚོར་སྣང་བྱུང་ཡི་ཟེར་ བཀྲིས་ཕུན་ཚོགས་ཀྱིས་ བཤད་པའི་ཁར་ ཁོ་ བཙན་བཟུང་འབད་ ཁྱིད་སོང་ཞིནམ་ལས་ཚུར་ ཁོ་རའི་ ཕམ་སྤུན་ཆ་ཚུ་དང་ ནམ་ལོག་བསྡོམ་ཚུགས་འོང་ག་ཟེར་ མནོ་བསམ་བཏངམ་བཏང་ས་ར་ སྡོད་ཅི་ཟེར་ཨིནམ་ད་ ད་ལས་ཕར་ ངོ་མ་ཤེས་པའི་མི་དང་ རྩ་ལས་ར་ བློ་མི་སླབ་ནི་དང་ སྣུམ་འཁོར་ནང་ འཛུལ་མི་འགྱོ་ཟེར་ ཁོ་གིས་ སླབ་ཨིན་པས།
བཀྲིས་ཕུན་ཚོགས་དེ་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ མུམ་བཱ་ཡེ་དོང་རི་ཨ་ལུ་མཐའ་སྐྱོང་ཁང་ལས་ ཁྲིམས་སྲུང་འགག་པ་གིས་ ནིའུ་ལྡི་ལི་ཚུན་ བསྐྱལ་བར་འོང་སྟེ་ འབྲུག་གི་གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་ལུ་ རྩིས་སྤྲོད་ཞིནམ་ལས་ བདུན་ཕྲག་འདི་གི་ རེས་གཟའ་མིག་དམར་ལུ་ ཐིམ་ཕུ་ལུ་ ལྷོད་ཡོདཔ་ཨིན་པས།
བཀྲིས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཁོ་ བཙན་བཟུང་འབད་དེ་ ཁྱིད་སོང་མི་ མི་ངན་ཚུ་ འཛིན་བཟུང་འབད་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ ཁོ་ལུ་བྱུང་མི་ སྡུག་བསྔལ་བཟུམ་ཅིག་ ཨ་ལུ་གཞན་ ག་ལུ་ཡང་ མྱོང་མ་བཅུག་ཟེར་ སྨོན་ལམ་བཏབ་དོ་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment