གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེང་ཀོག་གི་མལ་ཆ་བཙོང་སར་ འབྲུག་མི་སྤུངས་འཛོམས་འབད་དོ་ཡོདཔ།

༨/༥/༢༠༡༢

བེང་ཀོག་ཊུ་ལིཔ་ཚོང་ཁང་ནང་ འབྲུག་མི་ཚུ་གིས་ མལ་ཆ་ཉོ་བའི་བསྒང་།
༉ ཐའི་ལེན་གྱི་རྒྱལ་ས་བེང་ཀོག་ལུ་ འབྲུག་མི་ཕྱད་དགོ་མནོ་བ་ཅིན་  ཝང་བུ་ར་པཏ་ཟེར་སའི་ཁྲོམ་ནང་ འགྱོ་དགོ་ནི་ཨིནམ་ད་ ཁྲོམ་དེ་ནང་ ཉིནམ་རེ་ཆད་མེད་པར་ འབྲུག་མི་ཚུ་ སྡེ་ཚན་སྦེ་མཐོང་ཚུགས་དོ་ཡོདཔ་ཨིན་པས།


ཁྲོམ་གཞན་དང་ཕྱདཔ་ད་ ཝང་བུ་ར་པཏ་དེ་ ཆུང་ཀུ་ཅིག་ཨིན་པའི་ཁར་ ཆགས་ཚུལ་ཡང་ ས་གོ་དོགས་དྲག་ཅིག་ནང་ཨིན་རུང་ འབྲུག་མི་ཚུ་གིས་ དེ་ནང་ འགྱོ་ནིའི་སྤྲོ་བ་ལེན་མི་དེ་ ཐའི་ལེན་ལས་ཐོན་པའི་ ཊུ་ལིཔ་མལ་ཆ་གོང་ཚད་ ཁེ་ཏོག་ཏོ་སྦེ་ཡོད་མི་ཚུ་ ཉོ་ནིའི་དོན་ལུ་ཨིན་པས།
ཁྲོམ་སྡེ་ནང་ མལ་ཆ་བཙོང་མིའི་ ཚོང་ཁང་ལེ་ཤ་ཅིག་ཡོད་དེ་འབད་རུང་ འབྲུག་མི་སྤུངས་ས་ངོ་མ་དེ་ ཀིཊ་ཆ་རཱོན་ཟེར་མི་ཚོང་ཁང་ནང་ཨིནམ་ད་ ཚོང་ཁང་དེ་ནང་ མལ་ཆའི་རིགས་མ་འདྲཝ་ ལེ་ཤ་ཡོད་པའི་ཁར་ གོང་ཚད་ཡང་ རན་ཏོག་ཏོ་སྦེ་ ཐོབ་ཚུགས་ནི་དེ་གིས་ཨིན་པས། 
ཀྲོང་གསར་རྫོང་ཁག་ ཁྲིམས་ཁང་གི་ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ ཚོང་ཁང་གཞན་ཚུ་དང་ཕྱདཔ་ད་ ཀིཊ་ཆ་རཱོན་ནང་ ཊུ་ལིཔ་མལ་ཆ་ ཚད་གཞི་བར་མ་འབད་མི་གཅིག་ལུ་ ཐའི་ལེན་གྱི་ཏི་རུ་ བཱཏ་༢༠༠ དེ་རེ་གི་རྩིས་ ཁེ་ནི་དེ་གིས་ ཚོང་ཁང་དེ་ནང་ འོང་ཡི་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ ཀིཊ་ཆ་རཱོན་ཚོང་ཁང་ནང་ མལ་ཆ་ཉོ་བར་འོང་མི་ འབྲུག་མི་༡༣ འཛོམས་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱི་ གྲས་ལས་ མང་ཤོས་ར་ བེང་ཀོག་ལུ་ ཞལ་འཛོམས་དང་ སྦྱོང་བརྡར་ལས་རིམ་ཚུ་ནང་ འོང་མི་ཚུ་ཨིན་པས།
འབྲུག་མི་ཚུ་གིས་ བེང་ཀོག་ལས་ མལ་ཆ་ཉོ་ནི་ལུ་ དང་འདོད་བསྐྱེད་མི་དེ་ བེང་ཀོག་གི་ཅ་ཆས་ཚུ་ འབྲུག་ལས་ཉོ་བའི་བསྒང་ལས་ གོང་ཚད་ལོག་ལྟབ་སྦེ་ སྤྲོད་དགོ་ནི་ དེ་གིས་ཨིནམ་ད་ འབྲུག་ལུ་ མལ་ཆ་རེ་ལུ་ དངུལ་ཀྲམ་༣,༥༠༠ དང་༤,༠༠༠ གི་བར་ན་ སླབ་མི་ཚུ་ བེང་ཀོག་ལས་ དངུལ་ཀྲམ་༢,༤༠༠ དེ་རེ་སྦེ་ ཐོབ་ཚུགས་པས་ཟེར་ཨིན་པས།
ལས་འཛིན་ནང་ ལཱ་འབད་མི་ཅིག་གིས་ མལ་ཆ་༢ ཉོཝ་ད་ རིན་གོང་ དངུལ་ཀྲམ་༣,༢༠༠ ལས་བརྒལ་ མ་སྤྲོད་རུང་ གལ་སྲིད་ མལ་ཆ་དེ་ འབྲུག་ལས་ཉོ་བ་ཅིན་ གོང་ཚད་དེ་གི་ཐོག་ལུ་ མལ་ཆ་གཅིག་ཡང་ཐོབ་མི་ཚུགས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ལས་འགུལ་ནང་ལཱ་འབད་མི་ བདེ་ཆེན་མཚོ་མོ་གིས་ བེང་ཀོག་ལས་ ནང་འདྲེན་འབད་མི་ ཊུ་ལིཔ་མལ་ཆ་རེ་ལུ་ ཐིམ་ཕུ་ལས་ དངུལ་ཀྲམ་༣,༦༠༠ རེ་སྦེ་ ཉོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ ལོ་༣ གྱི་ཧེ་མར་ མལ་ཆ་རེ་ལུ་ དངུལ་ཀྲམ་༣,༠༠༠ རེ་སྦེ་ ཉོ་ཡི་ཟེར་ཨིན་པས།
རྒྱལ་ཁབ་ནང་ བེང་ཀོག་ལས་ཐོན་མི་མལ་ཆའི་གོང་ཚད་ མཐོ་དྲག་ཡོདཔ་ལས་ འབྲུག་མི་ཚུ་གིས་ ཕྱི་རྒྱལ་ཁབ་ནང་ ཞལ་འཛོམས་དང་ སྦྱོང་བརྡར་འབད་བར་འགྱོ་བའི་ཞོར་ཁ་ ཝང་བུ་ར་པཏ་ལས་ མལ་ཆ་ཚུ་ ཉོ་འབག་དོ་ཡོདཔ་ཨིན་པས།
ཀིཊ་ཆ་རཱོན་གྱི་མལ་ཆ་ཚོང་པ་ སུ་པ་པོར་གྱིས་ སླབ་མིའི་ནང་ མོ་གི་ཚོང་མགྲོན་པ་ངོ་མ་ར་ འབྲུག་མི་ཚུ་ཨིན་ཟེར་ཨིནམ་ད་ ཚོང་ཁང་ནང་ འབྲུག་མི་ཚོང་ཉོ་བར་འོང་མི་ཆད་ནི་མེད་ཟེར་ཨིན་པས།
སུ་པ་པོར་གྱིས་འབད་བ་ཅིན་ འབྲུག་མི་ཚུ་གིས་ དུས་ཅི་འབདཝ་ད་ ལོ་༢༠ ལྷགཔ་ཅིག་གི་རིང་ མོ་གི་ཚོང་ཁང་ནང་ལས་ཚོང་ཉོ་ཡོདཔ་ལས་ འབྲུག་མི་མཐོངམ་ད་ བཟའ་ཚང་ཅིག་གི་ ནང་མི་བཟུམ་གྱི་ཚོར་སྣང་བྱུངམ་མས་ཟེར་ཨིན་པས།
ཝང་བུ་ར་པཏ་གི་ ཁྲོམ་ཁར་འགྱོ་ནི་དེ་ ཧེ་མ་བེང་ཀོག་ལུ་ མ་ལྷོད་མི་ཚུ་གིས་ཡང་ སྤྲོ་བ་ལེན་དོ་ཡོདཔ་ད་ མང་ཤོས་ཅིག་ བཱེང་ཀོག་ལུ་དཔེ་ཆ་ལྷབ་སྡོད་མི་ འབྲུག་མི་ཚུ་གིས་ ལམ་སྟོན་འབད་དེ་ ཁྱིད་དོ་ཡོདཔ་ཨིན་པས།
ད་རེས་རྒྱལ་ཁབ་ནང་ ཚོང་འབྲེལ་འཐབ་མི་ ཊུ་ལིཔ་མལ་ཆ་ག་ར་ བཱེང་ཀོག་ལས་ནང་འདྲེན་འབད་དོ་ཡོདཔ་ད་ མལ་ཆ་མང་ཤོས་ཅིག་ ཀིཊ་ཆ་རཱོན་ཚོང་ཁང་ནང་ལས་འབག་འོངམ་ཨིན་པས།
འབྲུག་མི་ཚུ་གིས་ བེང་ཀོག་གི་མལ་ཆ་ལུ་དགའ་མི་དེ་ མལ་ཆ་ཚུ་ འཇམ་ཁྱུག་ཁྱུག་ཡོད་པའི་ཁར་ བཀབ་ད་ཡང་ བདེ་ཏོག་ཏོ་ཡོདཔ་མ་ཚད་ སྒྲིང་སྒྲིང་ཡོད་ནི་དེ་གིས་ ཨིན་ཟེར་ རྒྱལ་ས་ལུ་སྡོད་མི་ བསོད་ནམས་ཆོས་བཟང་གིས་ སླབ་ཡོདཔ་ཨིན་པའི་གནས་ཚུལ། 

བེང་ཀོག་ལས་ བསྟན་འཛིན་རྣམ་རྒྱལ་དང་ བསམ་གཏན་ཡེེས།

No comments:

Post a Comment