གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱ་གསོ་སྐྱོང་ཁང་ ལེ་ཤ་ཐོན་མི་ལུ་བརྟེན་ ཚོང་འབྲེལ་མར་ཉམས།

༡༢/༠༥/༡༢
འདེམས་ཁོངས་གནང་བྱིན་མ་དངུལ་ཐོག་ལས་ གྲོང་གསེབ་ཚུ་ནང་ བྱ་གསོ་སྐྱོང་ཁང་ ལེ་ཤ་བཙུགས་མི་ལུ་བརྟེན་ ཧེ་མ་བཟུམ་སྦེ་ སྒོང་རྡོག་ཚུ་ འཇམ་ཏོང་ཏོ་སྦེ་ བཙོང་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཧུ་རུང་སྤང་ལུ་ གཞི་བཙུགས་འབད་མི་ བྱ་གསོ་སྐྱོང་ཁང་།
 

༉ མོང་སྒར་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༨ དེ་ཅིག་གི་ས་གནས་ ཧུ་རུང་སྤང་ལུ་ བྱ་གསོ་སྐྱོང་ཁང་ཅིག་ གཞི་བཙུགས་འབད་མི་གིས་ འདས་པའི་ལོ་ངོ་དག་པ་ཅིག་གི་རིང་ལུ་ སྒོང་རྡོག་ལས་བརྟེན་ འོང་འབབ་སྦོམ་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ མོང་སྒར་རྫོང་ཁག་ནང་ བྱ་གསོ་སྐྱོང་ཁང་ ལེ་ཤ་གཞི་བཙུགས་འབད་མི་ལུ་བརྟེན་ ཚོང་འབྲེལ་ལུ་ དོ་འགྲན་བྱུངམ་ཨིན་པས།


མོང་སྒར་ཁྲོམ་ཀྱི་ཉེ་འདབས་ལུ་ བྱ་གསོ་སྐྱོང་ཁང་ ལེ་ཤ་གཞི་བཙུགས་འབད་མི་ལུ་བརྟེན་ ཧུ་རུང་སྤང་ལུ་ཡོད་མི་ བྱ་གསོ་སྐྱོང་ཁང་གི་ཁང་མིག་༩ ནང་ བྱ་༢,༥༠༠ དེ་ཅིག་ཡོད་མི་གིས་ ཉིནམ་རེ་ལུ་ སྒོང་རྡོག་༡༤༠༠ དེ་ཅིག་ བུད་དོ་ཡོདཔ་ཨིན་རུང་ ཉིན་བསྟར་བཞིན་དུ་བུད་མི་ སྒོང་རྡོག་ཚུ་ ཧེ་མ་བཟུམ་སྦེ་ ཉིནམ་ཅིག་ལུ་ར་ བཙོང་མི་ཚུགས་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལས་ བྱ་གསོ་སྐྱོང་ཁང་སྒོ་ཕྱེ་མི་ འཛིན་སྐྱོང་པ་ རྡོ་རྗེ་དབང་ཕྱུག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ རྫོང་ཁག་དེ་ནང་ བྱ་གསོ་སྐྱོང་ཁང་ ལེ་ཤ་མེད་ནི་དེ་གིས་ སྒོང་རྡོག་རེ་ལུ་ རིན་གོང་དངུལ་ཀྲམ་༡༠ རེ་ཐོབ་ཚུགས་པའི་ཁར་ ཉིན་བསྟར་བཞིན་དུ་ སྒོང་རྡོག་ཉོ་མི་བརྒྱ་ལས་བཅད་དེ་ ལྷོདཔ་ཨིན་རུང་ ད་རེས་ནངས་པ་ རིན་གོང་བརྒྱ་ཆ་༥༠ དེ་ཅིག་ མར་བབས་སོང་ཡི་ཟེར་ཨིན་པས།
འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སྒོང་རྡོག་ཉོ་མི་ ཚོང་མགྲོན་པ་དེ་ མོང་སྒར་རྫོང་ཁག་རྐྱངམ་གཅིག་གིས་མ་ཚད་ ལྷུན་རྩེ་རྫོང་ཁག་གི་ ཞི་གཡོགཔ་དང་ མི་སེར་ཚུ་ཡང་ལྷོད་ནི་ཡོད་རུང་ ད་རེས་ནངས་པ་ རྫོང་ཁག་ནང་ བྱ་གསོ་སྐྱོང་ཁང་ལེ་ཤ་སྒོ་ཕྱེ་དོ་ཡོདཔ་མ་ཚད་ འདེམས་ཁོངས་གནང་བྱིན་མ་དངུལ་གྱིས་ གྲོང་གསེབ་ཚུ་ནང་ བྱ་གསོ་སྐྱོང་ཁང་བཙུགས་བྱིན་མི་ལུ་བརྟེན་ དོ་འགྲན་བྱུངམ་མས་ཟེར་ཨིན་པས།
མོང་སྒར་ཁྲོམ་གྱི་ ཚོང་པ་ཚུ་གིས་ཡང་ ཁྲོམ་ཁར་བཙོང་ནིའི་དོན་ལུ་ སྒོང་རྡོག་ཚུ་ བཀྲིས་སྒང་ལས་ ཁེ་ཏོག་ཏོ་སྦེ་ ཐོབ་མི་ལུ་བརྟེན་ ཁྲོམ་དེ་ནང་ལས་ འབག་འོངམ་ཨིན་པས།

ཧེ་མ་བཟུམ་ འཇམ་ཏོང་ཏོ་སྦེ་ བཙོང་མ་ཚུགས་པའི་ སྒོང་རྡོག་ཚུ།

ཨིན་རུང་ བྱ་གསོ་སྐྱོང་ཁང་དེ་གིས་ རྒྱལ་པོའི་ཞིང་དང་ མོང་སྒར་ དེ་ལས་ ལྷུན་རྩེ་རྫོང་ཁག་ནང་ འགྲོ་འགྲུལ་འབད་མི་ཚུ་ལུ་ ཚོང་འབྲེལ་འཐབ་སྟེ་ ཉིན་བསྟར་བཞིན་དུ་ སྒོང་རྡོག་མཐོ་ཤོས་ ཊེ་༧ དེ་རེ་ བཙོང་ཚུགས་མི་གིས་ དངུལ་ཀྲམ་༡,༦༠༠ ཐོབ་ཚུགསཔ་མ་ཚད་ མོང་སྒར་དང་ རྒྱལ་པོ་ཞིང་ལུ་ཡང་ བཀྲམ་སྤེལ་འབད་བའི་ཁར་ སྒོང་རྡོག་གོང་ཚད་དེ་ སྤྱི་ཟླ་༤ པ་ལས་ མར་བབས་སོང་ཡི་ཟེར་ ཁོ་གིས་བཤདཔ་ཨིན་པས།
བྱ་གསོ་སྐྱོང་ཁང་གི་ ཇོ་བདག་ཀུན་བཟང་དཔལ་འབྱོར་གྱིས་ སླབ་མིའི་ནང་ བྱ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ འབྲུག་གོང་འཕེལ་དངུལ་ཁང་ལས་ དངུལ་ཀྲམ་འབུམ་༩ དེ་ཅིག་ སྐྱིན་འགྲུལ་ལེན་ཡི་ཟེར་ཨིནམ་ད་ ད་ཚུན་གྱི་ནང་འཁོད་ དངུལ་ཀྲམ་འབུམ་༣ སྐྱིན་ཚབ་འབྱོར་ཡོདཔ་ཨིན་པས།
གསོ་སྐྱོང་ཁང་དེ་ནང་ ད་རེས་ནངས་པ་ བྱ་༢,༥༠༠ དེ་ཅིག་ལུ་ ཡར་སེང་འབད་ཡོདཔ་ལས་ ཟླཝ་རེ་ནང་ ཀརྨ་ཕིཊ་གི་ བྱའི་ཟེགསམ་ སྣུམ་འཁོར་ཊཱག་དོས་རེ་ རྫོགས་དོ་ཡོདཔ་བཞིན་དུ་ དེ་ལུ་ རིན་གོང་དངུལ་ཀྲམ་༩,༠༠༠ རེ་གནས་པའི་ཁར་ སྒོང་རྡོག་ལས་བརྟེན་ ཟླཝ་རེ་ནང་ འོང་འབབ་དངུལ་ཀྲམ་༥༠,༠༠༠ དེ་ཅིག་ ཐོབ་ཚུགསཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment