༉ འབྲུག་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ལས་མེད་དེ་འབད་རུང་ རང་བཞིན་ཉམས་སྲུང་དང་ལྡན་པའི་ཁར་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་པའི་རྒྱལ་ཁབ་ཅིག་ཨིནམ་བཞིན་དུ་ སྐྱེ་ལྡན་ཉམས་སྲུང་དང་འབྲེལ་བའི་ ལས་འགུལ་དང་ ལས་རིམ་ཚུ་གི་ཐོག་ལས་ སྐྱེ་ཤིང་དང་ རི་དྭགས་སེམས་ཅན་དང་འབྲེལ་བའི་ སྐྱེ་ལྡན་རིགས་སྣའི་སྐོར་ལས་ ཤེས་ཡོན་དང་ ཉམས་མྱོང་ཚུ་ཡོད་རུང་ ཆུ་ནང་གི་སྲོག་ཆགས་ཀྱི་རིགས་ ག་དེ་སྦེ་ཡོདཔ་ཨིན་ན་ ཤེས་གསལ་ལེགས་ཤོམ་ཅིག་ མེདཔ་ཨིན་པས།
ད་ཚུན་འབྲུག་ལུ་ ཆུའི་འབུ་སྲིན་ལ་སོགས་པའི་ སྐྱེ་ལྡན་རིགས་སྣའི་གནས་སྟངས་ཀྱི་སྐོར་ལས་ ཞིབ་འཚོལ་དང་ དབྱེ་དཔྱད་འབད་ཡོད་པའི་ སྙན་ཞུ་མེད་པའི་ཁར་ ཉ་རིགས་ཚུ་གི་སྐོར་ལས་ དུམ་གྲ་རེ་ཡོདཔ་་མ་གཏོགས་ གནད་དོན་འདི་གི་ཐོག་ལུ་ ཞིབ་འཚོལ་སྙན་ཞུ་ དྭངས་གསལ་ཅིག་མི་འོང་ཟེར་ ཨོ་རྒྱན་དབང་ཕྱུག་སྲུང་སྐྱོབ་དང་ རང་བཞིན་སློབ་སྦྱོང་ལྟེ་བའི་ འགོ་དཔོན་ཅིག་གིས་བཤདཔ་ཨིན་པས།
རྒྱལ་ཁབ་ནང་ ད་ལྟོ་ ཆུའི་སྐྱེ་ལྡན་རིགས་སྣའི་ ཞིབ་འཚོལ་འབད་ནི་གི་ རིག་རྩལ་ཤེས་ཡོན་དང་ འཕྲུལ་རིག་ཉམས་མྱོང་ཚུ་མེདཔ་ལས་ སྐྱེ་ལྡན་རིགས་སྣའི་གནས་སྟངས་དང་ གནས་ཚད་ཚུ་གི་སྐོར་ལས་ ཤེས་རྟོགས་མཐིལ་ཕྱིན་མེད་ཟེར་ཨིན་པས།
འབྲུག་ལུ་ ཆུའི་སྐྱེ་ལྡན་རིགས་སྣའི་ཞིབ་འཚོལ་དང་ སྙན་ཞུ་བསྡུ་སྒྲིག་རིག་རྩལ་གོང་འཕེལ་གྱི་དོན་ལུ་ ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་ རང་བཞིན་སློབ་སྦྱོང་ལྟེ་བའི་ རང་བཞིན་དང་ ཞིབ་འཚོལ་ལས་སྡེ་ཁག་༤ གི་ འགོ་དཔོན་༡༠ ལྷགཔ་ཅིག་ལུ་ ཆུའི་སྐྱེ་ལྡན་ཞིབ་འཚོལ་དང་ སྙན་ཞུ་བསྡུ་ལེན་རིག་རྩལ་གྱི་ སྦྱོང་བརྡར་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ གཙོ་བོ་ར་ ཆུའི་སྲོག་ཆགས་གནས་སྟངས་བརྟག་དཔྱད་དང་ ཞིབ་འཚོལ་རིག་རྩལ་སྦྱོང་བརྡར་འབད་དེ་ འགོ་དཔོན་ཚུ་གིས་ ཆུའི་འབུ་སྲིན་ཆུང་ཀུ་ཚུ་ ངོས་འཛིན་འབད་ཐངས་དང་ དེ་དང་འབྲེལ་བའི་ སྙན་ཞུ་ཚུ་བསྡུ་སྒྲིག་ཐོག་ལས་ དབྱེ་ཞིབ་འབད་དེ་ ཤེས་ཡོན་རིག་རྩལ་ཚུ་ ཁྱབ་སྤེལ་འབད་ཐབས་ལུ་ཨིན་ཟེར་ ལྟེ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཅིག་གིས་སླབ་མིའི་ནང་ ཆུའི་སྐྱེ་ལྡན་རིགས་སྣའི་ཞིབ་འཚོལ་དང་འབྲེལ་བའི་ རིག་རྩལ་སྦྱོང་བརྡར་དེ་ འགོ་དང་པ་ཨིན་པའི་ཁར་ འབྲུག་གི་སྐྱེ་ལྡན་སྣ་ཚོགས་ཡོད་མི་ཚུ་ གནས་སྟངས་ཀྱི་ཁྱད་པར་ག་དེ་སྦེ་ར་ཡོད་ག་ དབྱེ་ཞིབ་འབད་ནི་གི་དོན་ལུ་ ཨིན་ཟེར་ཨིན་པས།
སྐྱེ་ལྡན་རིགས་སྣའི་མཁས་མཆོག་ཅིག་གིས་ སླབ་མིའི་ནང་ སྐྱེ་ལྡན་ཚུ་གི་ཞིབ་འཚོལ་དང་ བརྟག་དཔྱད་འབད་ནི་དེ་ ག་ནི་བ་གལ་ཆེ་ཟེར་ཨིནམ་ད་ གནམ་གཤིས་འགྱུར་བགྲོད་ཀྱི་གནས་སྟངས་དེ་དེ་ཡང་ ཆུའི་འབུ་སྲིན་དང་ འབྲེལ་བ་ཡོདཔ་ལས་ ཆུའི་སྲོག་ཆགས་ལུ་ འགྱུར་བ་དང་ ཡང་ཅིན་ སྲོག་ཆགས་གསརཔ་ཐོན་པའི་གནས་སྟངས་ཚུ་ ཧ་གོ་ཚུགས་པ་ཅིན་ གནམ་གཤིས་འགྱུར་བགྲོད་ཀྱི་གནས་སྟངས་ ཞིབ་འཚོལ་འབད་ཚུགསཔ་མ་ཚད་ ཆུའི་སྲོག་ཆགས་དཀོན་སུ་སྦེ་ ཡོད་མི་ཚུ་ གལ་སྲིད་ ངོས་འཛིན་འབད་ནི་ཕྱིས་པ་ཅིན་ ཡལ་འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ དེ་ཚུ་མར་ཕབ་རྐྱབ་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
སྦྱོང་བརྡར་དེ་ ཨོ་རྒྱན་དབང་ཕྱུག་ ཉམས་སྲུང་དང་ རང་བཞིན་སློབ་སྦྱོང་ལྟེ་བ་དང་ ཨེ་མི་རི་ཀ་གི་ མཱོན་ཊ་ན་གཙུག་ལག་སློབ་སྡེ་༢ ཀྱིས་ མཉམ་འབྲེལ་ཐོག་འགོ་འདྲེན་འཐབ་ཡོདཔ་ད་ སློབ་སྟོན་པ་ཡང་ གཙུག་ལག་སློབ་སྡེ་ནང་ལས་ མཁས་མཆོག་༢ ཡོདཔ་ཨིན་པས།
སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ ཞིབ་འཚོལ་གོང་འཕེལ་ལྟེ་བ་དང་ རང་བཞིན་སླར་འབྱུང་མཐོ་རིམ་སླབ་གྲྭའི་ རི་དྭགས་སྲུང་སྐྱོབ་སྡེ་ཚན་ དེ་ལས་ རྒྱལ་ཡོངས་གླིང་ཁ་དང་ རི་དྭགས་སྲུང་སྐྱོབ་ཀྱི་ འགོ་དཔོན་ཚུ་ཡོདཔ་ཨིན་པས།
བུམ་ཐང་ ཨོ་རྒྱན་དབང་ཕྱུག་ ཉམས་སྲུང་དང་ རང་བཞིན་སློབ་སྦྱོང་ལྟེ་བའི་ནང་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་དེ་ ད་རིས་མཇུག་བསྡུ་ནི་ཨིན་རུང་ སྤྱི་ཟླ་༥ པའི་ཚེས་༡༤ ལས་འགོ་བཙུགས་ ཚེས་༢༥ ཚུན་ མཁས་མཆོག་༢ ཀྱིས་རྒྱབ་སྐྱོར་ཐོག་ལས་ རྫོང་ཁག་གི་ མོ་བཏབ་ཀྱི་དོན་ ས་གནས་ཁག་སོ་སོ་ཚུ་ནང་ ཆུའི་སྐྱེ་ལྡན་ལྟ་རྟོག་ཚུ་ འབད་ནི་ཨིནམ་ད་ ལས་རིམ་དེ་གི་གྲུབ་འབྲས་མཐར་འཁྱོལ་ཅན་ཅིག་བྱུང་པ་ཅིན་ རྫོང་ཁག་ཆ་མཉམ་ནང་ འགོ་བཙུག་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment