གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཟླ་༥ པའི་ཚེས་༡༩ ལས་ ཚོད་བསྲེའི་ནང་འདྲེན་ བཀག་དམ་འབད་ནིའི་ལོ་རྒྱུས་ མི་བདེན་དོ་ཡོདཔ།

 ༡༢/༠༥/༡༢
ཁ་ཙ་ བློན་ཆེན་མཆོག་གིས་ བརྡ་བརྒྱུདཔ་ཚུ་ལུ་ ཚོད་བསྲེའི་ནང་འདྲེན་ བཀག་ཆ་འབད་ནི་ཨིན་ཟེརཝ་མ་གཏོགས་ བཀག་དམ་འབད་ནི་ཨིན་ཟེར་ མ་གསུངས་ཟེར་ཨིན་པས།

༉ ཁ་ཙ་དྲོ་པ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ གློག་རིག་ཡོངས་འབྲེལ་ནང་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ གཞུང་གིས་ སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ཚུ་ སྤྱི་ཟླ་༥ པའི་ཚེས་༡༩ ལས་ ནང་འདྲེན་འབད་མ་ཆོག་པའི་ བཀག་དམ་འབད་ནི་ཨིན་ཟེར་མི་དེ་ མི་བདེན་ཟེར་ཨིནམ་ད་ ཨིན་རུང་ ནང་འཁོད་ཀྱི་ སོ་ནམ་ཐོན་སྐྱེད་དང་ སྒོ་ནོར་ཐོན་སྐྱེད་ཚུ་ རྒྱ་བསྐྱེད་འབད་དེ་ རང་མགོ་རང་འདྲོངས་ བཟོ་དགོ་ཟེར་ཨིན་པས།


སོ་ནམ་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ནི་ལས་ བཀག་དམ་འབད་བ་ཅིན་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་བསལ་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིནམ་ད་ འགོ་དཔོན་ག་ར་གིས་ ལེགས་ཤོམ་སྦེ་ གནས་སྟངས་ཧ་གོ་ཞིནམ་ལས་ མི་མང་ལུ་ གོ་དོན་ཕྱི་འགྱུར་ བཤད་ནི་མི་འོང་ཟེར་ཨིན་པས།
གསལ་བསྒྲགས་འདི་གིས་ མི་མང་ཤོས་ར་ མགུ་འཐོམ་བྱུང་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༣ ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱང་མཐོང་ཊི་བི་ནང་ མི་མང་ལུ་ སྤྱི་ཟླ་༥ པའི་ནང་ལས་ ཚོད་བསྲེའི་རིགས་ཚུ་ ཕྱི་ཁ་ལས་ ནང་འདྲེན་འབད་ནི་དེ་ བཀག་ཆ་འབད་ཞིནམ་ལས་ ནང་འཁོད་ལས་ར་ ཐོན་སྐྱེད་འབད་ཚུགས་པའི་ ལམ་ལུགས་བཟོ་ནི་ཨིན་ཟེར་ གསུངས་ནི་དེ་གིས་ཨིན་པས།
དེ་འབདཝ་ད་ ཁ་ཙ་ བློན་ཆེན་མཆོག་གིས་ བརྡ་བརྒྱུདཔ་ཚུ་ལུ་ གསུངས་མིའི་ནང་ ཚོད་བསྲེ་བཀག་ཆ་འབད་ནི་ཟེར་ རྒྱང་མཐོང་ནང་ གསུངས་མི་དེ་ བརྡ་བརྒྱུདཔ་ཚུ་གིས་ བཀག་དམ་འབད་ནི་ཨིནམ་སྦེ་ ཧ་གོ་ནུག་ཟེར་ཨིན་པས།
བཀག་ཆ་འབད་ནི་ ཟེརཝ་མ་གཏོགས་ བཀག་དམ་འབད་ནི་ཟེར་ མ་གསུངསམ་ལས་ གོ་དོན་ག་དེ་སྦེ་ ལེན་ནི་ཨིན་ན་ བརྡ་བརྒྱུདཔ་ཚུ་ལུ་ རག་ལས་ཟེར་ཨིནམ་ད་ བློན་ཆེན་གྱིས་ ལེགས་ཤོམ་གསུངས་རུང་ ལ་ལུ་གིས་ གོ་བ་ཕྱི་འགྱུར་ལེན་ཏེ་ ཕྱི་འགྱུར་སྦེ་ བྲིས་མི་ཡང་ཡོདཔ་ལས་ དེ་གིས་ རྒྱལ་ཁབ་ལུ་ ཕན་གནོད་ག་དེ་སྦེ་འོང་ག་ དབྱེ་ཞིབ་འབད་དགོ་ཟེར་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ འབྲུག་འདི་ སོ་ནམ་ལུ་ཤུགས་བཏོན་མི་ རྒྱལ་ཁབ་ཅིག་ཨིནམ་ལས་ ད་རེས་ མི་ཚུ་གིས་ ཚོད་བསྲེ་དང་ བཟའ་འཐུང་གི་རིགས་ཚུ་ ཕྱི་ཁ་ལས་ ནང་འདྲེན་འབད་བ་ཅིན་ མི་སེར་སོ་ནམ་པ་ཚུ་ ཡར་དྲག་བཏགས་ནིའི་གོ་སྐབས་ མིན་འདུག་ཟེར་ཨིནམ་ད་ དེ་འབད་བ་ལུ་བརྟེན་ མི་སེར་ཚུ་ལུ་ རུ་པི་མ་ལང་པའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་དགོ་ཟེར་ཨིན་པས།
མོང་སྒར་ལས་ ཚོད་བསྲེ་ཚོང་འབྲེལ་འཐབ་མི་ བློ་བཟང་གིས་འབད་བ་ཅིན་ ཚོད་བསྲེའི་རིགས་ ནང་འདྲེན་འབད་ནི་དེ་ བཀག་ཆ་འབད་ནི་ཟེར་ གསལ་བསྒྲགས་གནངམ་ལས་ཚུར་ རྫོང་ཁག་ནང་ ཚོད་བསྲེ་ག་དེ་སྦེ་ ལང་ཚུགས་ག་ཟེར་བའི་ ཚ་གྱང་ལང་ནི་ འགོ་བཙུགས་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ སྲིད་བྱུས་ལག་ལེན་འཐབ་པ་ཅིན་ བཟའ་ཚང་ཚུ་ལུ་ དཀའ་ངལ་མ་ཐོན་རུང་ སློབ་གྲྭ་དང་ གྲྭ་ཚང་ཚུ་ལུ་ ཚོད་བསྲེ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ འཐོན་འོང་ཟེར་ཨིན་པས།
དེ་བཟུམ་མའི་ ཚ་གྱང་དེ་ སློབ་གྲྭ་དང་ གྲྭ་ཚང་གི་ ཁ་ཐུག་ལས་ཡང་ ཁོ་ལུ་ བསམ་འཆར་བཀོད་མི་ཐོན་ནི་དེ་གིས་ ཁོ་གིས་ ད་ལྟོ་ལས་ར་ ཚོད་བསྲེ་དུམ་གྲ་རེ་ གསོག་འཇོག་འབད་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།
ད་རེས་ བློ་བཟང་གིས་ རྒྱ་གར་ ནུབ་བེང་གཱལ་ ཕ་ལ་ཀ་ཊ་ལས་ ཚོད་བསྲེ་ཚུ་ ནང་འདྲེན་འབད་དེ་ ཟླ་རིམ་བཞིན་དུ་ སློབ་གྲྭ་དང་ གྲྭ་ཚང་ལུ་ ཚོད་བསྲེའི་དོས་ སྣུམ་འཁོར་ཊཱག་༢༠ དེ་རེ་ བཙུགས་དོ་ཡོདཔ་ད་ གལ་སྲིད་ ནང་འདྲེན་བཀག་ཆ་འབད་བ་ཅིན་ རྒྱལ་ཁབ་ནང་འཁོད་ལས་ ཐོན་མི་ ཚོད་བསྲེ་ཚུ་གིས་ ལང་མ་ཚུགས་པའི་དཀའ་ངལ་ཐོན་པའི་ཁར་ གོང་ཚད་ཡང་ ལོག་ལྟབ་ཀྱིས་ ཡར་སེང་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ བློན་ཆེན་གྱིས་ གསུངས་མིའི་ནང་ མ་གཞི་ རྒྱལ་ཁབ་ནང་ལས་ཉོ་མི་ ཚོད་བསྲེ་ཚུ་ གོང་ཚད་མཐོ་རུང་ མ་དངུལ་དེ་ ཕྱི་ཁར་མ་བཏང་པར་ ནང་ན་ར་ བཞག་པ་ཅིན་ དྲག་འོང་ཟེར་ཨིནམ་ད་ སོ་ནམ་ལུ་བརྟེན་པའི་ རྒྱལ་ཁབ་ཡང་ ཚོད་བསྲེ་ཚུ་ ཕྱི་ཁར་ལས་ ནང་འདྲེན་འབད་མི་དེ་ མི་བཏུབ་པས་ཟེར་ཨིན་པས།
རྒྱལ་ས་ལུ་སྡོད་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ ཚོད་བསྲེ་ནང་འདྲེན་འབད་ནི་ བཀག་ཆ་འབད་བ་ཅིན་ ཡིག་ཚང་ནང་ལཱ་འབད་མི་ ལས་བྱེདཔ་ཉམ་ཆུང་ཚུ་ལུ་ དཀའ་ངལ་སྦོམ་འབྱུང་འོང་ཟེར་ཨིནམ་ད་ དེ་ཡང་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་ གོང་ཚད་མཐོ་ནི་དེ་གིས་ ཉོ་མ་ཚུགས་པའི་དཀའ་ངལ་ འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment