གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོགས་ཅན་ཕོ་སྐྱེས་༢ འཚོལ་བའི་བསྒང་ཡོདཔ།

སྣུམ་འཁོར་སེན་ཊོ་ཀཱར་ཅིག་ ཨརཝ་རྐུ་བདའ་ཞིནམ་ལས་ ས་སྣུམ་བཀྲམ་སྤེལ་ཁང་ནང་ལས་ དངུལ་ཀྲམ་༥,༠༠༠ དེ་ཅིག་གནས་པའི་ སྣུམ་རིགས་ཚུ་ འཕྲོག་བཅོམ་འབད་ནུག།


༉ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ ཨོ་ལ་ཁ་སྣུམ་འཁོར་བཅོ་ཁང་གི་ ཉེ་འདབས་ལུ་ དམ་ཅན་ས་སྣུམ་བཀྲམ་སྤེལ་ཁང་ནང་ དབང་བཙོང་འཕྲོག་བཅོམ་འབད་མི་ དོགས་ཅན་ཕོ་སྐྱེས་༢ འཚོལ་བའི་བསྒང་ཡོདཔ་ཨིན་པས།


ཁ་ཙ་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ དོགས་ཅན་ཕོ་སྐྱེས་༢ པོ་དེ་གིས་ འབྲུག་གི་དངུལ་ཁང་གི་ ཡིག་ཚང་གསར་པའི་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ལས་ སྣུམ་འཁོར་སེན་ཊོ་ཀཱར་ཅིག་ ཨརཝ་རྐུ་བདའ་ཞིནམ་ལས་ ས་སྣུམ་བཀྲམ་སྤེལ་ཁང་དེ་ནང་སོང་སྟེ་ དངུལ་ཀྲམ་༥,༠༠༠ དེ་ཅིག་གནས་པའི་ སྣུམ་རིགས་ཚུ་ དབང་བཙོང་ཐོག་ལས་ འཕྲོག་བཅོམ་འབད་ཡོདཔ་ཨིན་པས།
དམ་ཅན་ས་སྣུམ་བཀྲམ་སྤེལ་ཁང་གི་ལས་བྱེདཔ་ སཱན་ཏ་བིར་རའེ་གིས་ སླབ་མིའི་ནང་ ཁོ་གི་ཆ་རོགས་ དིལ་བྷ་དུར་ གུ་རུང་གིས་ སྣུམ་འཁོར་དེ་ནང་ ས་སྣུམ་བླུག་ནིའི་དོན་ལུ་ ཕྱི་ཁར་ཐོནམ་འགྱོཝ་ཅིག་ ཆ་རོགས་དེ་གིས་ སྐད་རྐྱབ་པའི་སྐབས་ དེ་འཕྲོ་ལས་ ཕྱི་ཁར་ཐོན་ལྟཝ་ད་ ཕོ་སྐྱེས་ཅིག་གིས་ ཨོལ་ལྐོག་གུ་ གྱི་ཅུང་དཔག་སྟེ་ བཟུང་བཞག་ནུག་ཟེར་ཨིན་པས།
དིལ་བྷ་དུར་གྱིས་ གྱི་ཅུང་དཔག་མི་ ཕོ་སྐྱེས་དེ་ འཕུལ་བཀོག་ཞིནམ་ལས་ བྱོག་ཐལ་རུང་ གྱི་ཅུང་འབག་མི་ ཕོ་སྐྱེས་དེ་གིས་ ས་སྣུམ་བཀྲམ་སྤེལ་ཁང་གི་ ཡིག་ཚང་ནང་འོང་སྟེ་ ཁོ་གི་རྒྱབ་ཁར་ལས་ གྱི་ཅུང་དཔག་སྟེ་ བཟུང་བཞག་ཅི་ཟེར་ཨིན་པས།
སཱན་ཏ་བིར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གྱི་ཅུང་འབག་མི་ ཕོ་སྐྱེས་དེ་ གཟུགས་ཀྱི་རིང་ཚད་ ཕིཊ་༦ དང་ཨིན་ཅི་༦ དེ་ཅིག་ཡོད་པའི་ཁར་ ཇིན་གྱི་དོརམ་དང་ ཇེ་ཀེཊ་གྱོན་ཏེ་འདུག་ཟེར་ཨིན་པས།
ཕོ་སྐྱེས་དེ་གིས་ ཁོ་ལུ་ ཏི་རུ་བཙུགས་བཞག་སའི་ སྒྲོམ་གྱི་ལྡེ་མིག་ འབག་ཤོག་ཟེར་སླབ་ད་ ལྡེ་མིག་དེ་ དིལ་བྷ་དུར་གྱི་ ལག་པར་ཨིན་ཟེར་སླབ་ལས་ ཕོ་སྐྱེས་དེ་གིས་ ཁོ་ བཏང་ཞིནམ་ལས་ ཕྱི་ཁར་ཐོན་ཏེ་ སྣུམ་འཁོར་གྱི་ ཨང་གྲངས་བརྡ་བྱང་ དཀྲུམས་བཏང་པའི་ཤུལ་ལུ་ སྣུམ་འཁོར་ནང་འཛུལཝ་ཅིག་ ཆ་རོགས་དེ་གིས་ དེ་འཕྲོ་ལས་ སྣུམ་འཁོར་བཏང་སོང་ཡི་ཟེར་ཨིན་པས།
ད་རུང་ ལོག་འོང་ཞིནམ་ལས་ ས་སྣུམ་བཀྲམ་སྤེལ་ཁང་ནང་ལས་ སྣུམ་རིགས་ཚུ་ འཕྲོག་བཅོམ་འབད་དེ་ འབག་སོང་ཡི་ཟེར་ཨིན་པས།
དེ་ཅིག་བར་ན་ ཨོལ་ལྐོག་ཁར་ རྨ་སྐྱོན་ཆུང་ཀུ་ཅིག་བཏོན་མི་ དིལ་བྷ་དུར་གྱིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དམ་ཅན་ས་སྣུམ་བཀྲམ་སྤེལ་ཁང་གི་གཙོ་འཛིན་ བཙན་སྐྱོགས་ཚེ་རིང་གིས་ སླབ་མིའི་ནང་ མི་༦ དེ་ཅིག་གིས་ འཐུ་དགོ་མི་ ཉེན་སྲུང་ལྕགས་སྒྲོམ་དེ་ནང་ དངུལ་ཀྲམ་༦༠༠,༠༠༠ དེ་ཅིག་ཡོདཔ་མ་ཚད་ བཀྲམ་སྤེལ་ཁང་ནང་ དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་གནས་པའི་ སྣུམ་རིགས་ཚུ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ས་སྣུམ་བཀྲམ་སྤེལ་ཁང་དེ་ དུས་ཡུན་ཆུ་ཚོད་༢༤ གི་རིང་ སྒོ་ཕྱེས་ཏེ་ བཞག་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ ཕྱི་རུའི་ཆུ་ཚོད་༡༡ ལས་ དྲོ་པའི་ཆུ་ཚོད་༦ ཚུན་ སྒོ་བསྡམ་སྟེ་ བཞག་དགོ་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
ཨརཝ་རྐུ་བདའ་མི་ སེན་ཊོ་ཀཱར་དེ་ ཀུན་གསལ་ཕོ་བྲང་ལུ་འགྱོ་སའི་ འཁོར་ལམ་གྱི་ཟུར་ཁར་ བཞག་ཡོདཔ་ད་ དེ་ཡང་ ཁ་ཙ་ དྲོ་པའི་ཆུ་ཚོད་༥.༤༠ དེ་ཅིག་ཁར་ མཐོང་ཡོདཔ་བཞིན་དུ་ སྣུམ་འཁོར་དེ་ ཨོ་ལ་ཁ་ལུ་ སྡོད་མི་ཅིག་གི་ཨིནམ་ད་ སྣུམ་འཁོར་དེ་ནང་ གློག་རིག་ཀམ་པུས་ཊར་ ལེབ་ཊོབ་ཅིག་ བཙུགས་བཞག་མི་དེ་ཡང་ འཐུ་འབག་ཡོདཔ་ཨིན་པས།
ཐིམ་ཕུ་ལུ་ དེ་བཟུམ་གྱི་ དབང་བཙོང་འཕྲོག་བཅོམ་འབད་མི་དེ་ འགོ་དང་པ་ཨིནམ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment