གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་སྡེ་ནང་ གཞུང་ཁྱིམ་བཟོ་སྐྲུན་གྱི་ འཆར་གཞི་བཤོལ་བཞག།

ཟླ་༣ པའི་ཚེས་༢༦།
༡༦/༥/༢༠༡༢

འཆར་གཞི་ཚུ་ ཧང་སྟོང་མར་སྦེ་ བསྒྱུར་བཅོས་འབད་མིའི་ འཁྲི་འགན་ག་ལུ་ཕོག་ནི་ཨིན་ན?

ཧེ་མའི་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཡིག་ཚང་གི་འོག་ལུ་ གཞུང་ཁྱིམ་རྐྱབ་ནིའི་དོན་ལུ་ བཟོ་སྐྲུན་རྒྱུ་ཆས་ཚུ་ སྤུངས་བཞག་མིའི་མཐོང་སྣང་།
༉ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ཞི་གཡོགཔ་ཚུ་གི་དོན་ལུ་ འོས་འབབ་ལྡན་པའི་ སྡོད་ཁྱིམ་རྐྱབ་ནི་གི་ འཆར་གཞི་ཡོད་མི་ཚུ་ ཡུན་འགྱངས་ལུས་ནི་བཟུམ་ཡོདཔ་ཨིན་པས།


དེ་ཡང་ ཐིམ་ཕུ་ཁྲོམ་ནང་འཁོད་ཀྱི་ ས་གནས་གཙོ་ཅན་ཚུ་ནང་ སྡོད་ཁྱིམ་དེ་ཚུ་ རྐྱབ་ནིའི་དོན་ལས་ ས་ཁོངས་ངོས་འཛིན་འབད་དེ་ དུས་ཅི་ སྤྱི་ཟླ་༢ པའི་ནང་ ཁྱིམ་བཟོ་སྐྲུན་གྱི་ལཱ་ཚུ་ རིན་བསྡུར་ཐོག་ལས་ ཁག་འབགཔ་ཚུ་ལུ་ སྤྲོད་ཚར་ཏེ་ ཟླ་ངོ་༣ དེ་ཅིག་ ལང་པའི་ཤུལ་ལས་ ཆ་མེད་བཏང་ཡོདཔ་ད་ ཁག་འབགཔ་ལ་ལུ་གིས་ བཟོ་སྐྲུན་གྱི་ རྒྱུ་ཆས་མཁོ་སྒྲུབ་འབད་ཚར་ཡོདཔ་ཨིན་པས།
ཁྱིམ་བཟོ་སྐྲུན་གྱི་ ས་ཁོངས་གསརཔ་དེ་ ད་ལྟོ་ གཏན་འཁེལ་མ་བཟོ་བར་ཡོདཔ་ད་ ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ རྒྱལ་ས་ལྟེ་བ་ལུ་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་དང་ ཆུ་བར་ཆུའི་བར་ན་ ས་ཁོངས་ཁག་༣ ནང་ ཁང་ཚན་༤༠ རྐྱབ་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
གཞུང་ཁྱིམ་རྐྱབ་ནིའི་ ས་ཁོངས་༡ ཧེ་མའི་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཡིག་ཚང་གི་འོག་ལུ་ ངོས་འཛིན་འབད་མི་དེ་ནང་ མི་སྡོད་སའི་སྒྲིང་ཁྱིམ་ཐོག་ཚད་༤ དང་ ཉལ་ཁང་༣ འབད་མི་ ཁྱིམ་༤ རྐྱབ་ནིའི་དོན་ལུ་ རིན་བསྡུར་ཐོག་ དངུལ་ཀྲམ་ས་ཡ་༤༥ ལྷགཔ་ཅིག་སྦེ་ ཁག་འབགཔ་ཅིག་ལུ་སྤྲོད་ནུག།
ད་རུང་ ཐོག་ཚད་༤ ཨིན་རུང་ ཉལ་ཁང་༢ འབད་མི་ སྒྲིང་ཁྱིམ་ཚུ་ རྣམ་རྒྱལ་ཧེ་རི་ཊེཇ་ཟ་ཁང་གི་འོག་ལུ་ མི་མང་ཞབས་ཏོག་སྡེ་ཚན་གྱི་ སྡོད་ཁྱིམ་ས་ཁོངས་འོག་ལུ་ རྐྱབ་ནི་དང་ ས་ཁོངས་༣ པ་དེ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཉེ་འདབས་ལུ་ ཊེ་བཱལ་ཊེ་ནིསི་རྩེད་ཁང་ལྟེ་བ་ལུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ འཆར་གཞི་བརྩམས་ཡོདཔ་ཨིན་པས།
ལཱ་ཁག་གསུམ་ཐོབ་མི་ ཁག་འབགཔ་ཚུ་གིས་ བཟོ་སྐྲུན་ལཱ་འགོ་བཙུག་ནིའི་དོན་ལུ་ ས་ཁོངས་ཚུ་ནང་ བཟོ་སྐྲུན་རྒྱུ་ཆས་ཚུ་ བཏོན་ཚར་ཡོདཔ་ལས་ དེ་གི་ཟད་འགྲོ་བཏང་ཚར་མི་ལུ་ ག་གིས་ མ་དངུལ་ལོག་སྤྲོད་དགོཔ་ཨིན་ན་ མགུ་འཐོམ་སྟེ་ སྡོད་ཡོདཔ་མ་ཚད་ བརྡ་དོན་ག་ནི་ཡང་མེད་པར་ ཧང་སྟོང་མར་ བཟོ་སྐྲུན་གྱི་ ལཱ་མཚམས་འཇོག་འབད་མི་ལུ་བརྟེན་ ལཱ་ལྟོ་ཆག་ནི་དེ་གིས་ དབུགས་འགམ་ཡོདཔ་ཨིན་པས།
དེ་སྦེ་ ལཱ་བཀག་ཆ་འབད་མིའི་སྐོར་ལས་ ཁག་འབགཔ་ཅིག་གིས་ བསམ་བཤད་འབད་མ་བཏུབ་པའི་ཁར་ གཞན་མི་ཅིག་ ཕྱི་ཁར་སོང་སྟེ་ རྒྱལ་ཁབ་ནང་མེདཔ་ཨིན་རུང་ ཁག་འབགཔ་༣ པ་གིས་འབད་བ་ཅིན་ ཁོ་གིས་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་ ས་ཁོངས་ནང་ བཏོན་མི་དང་ ས་ཁོངས་གོང་འཕེལ་གཏང་ནིའི་ནང་ དངུལ་ཀྲམ་ས་ཡ་༡.༢ དེ་ཅིག་ ཟད་འགྲོ་བཏང་ཚར་ཡི་ཟེར་ཨིན་པས།
ཁྱིམ་བཟོ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལས་འཛིན་གྱི་ ཁ་ཐུག་ལས་ ཁག་འབགཔ་གསུམ་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༢.༣ དེ་ཅིག་སྤྲོད་དགོཔ་ འཐོན་ནི་མས་ཟེར་བཀད་ཅི།
ད་ཚུན་གྱི་བར་ན་ ས་ཁོངས་གསརཔ་བསལ་ནི་དང་ རྒྱུ་ཆས་ཚུ་ ས་ཁོངས་ནང་བསྐྱལ་བའི་ ཟད་འགྲོ་བཏང་མི་ཚུ་ལུ་ ག་གིས་ར་འབད་རུང་ ང་བཅས་ལུ་ ལོག་སྤྲོད་དགོཔ་འོང་ཟེར་ ཁག་འབགཔ་ཅིག་གིས་ བཤད་པའི་ཁར་ ས་ཁོངས་གསརཔ་དེ་ ཐིམ་ཕུའི་ཁྲོམ་ནང་འཛུལ་སྒོའི་ལྟག་ལུ་ འཁོར་ལམ་མེད་སར་ཨིན་པའི་ བརྡ་སྟོན་འབད་དེས་ཟེར་ སླབ་ཨིན་པས།
ཐིམ་ཕུའི་ཁྲོམ་དེ་ སྒྲིང་ཁྱིམ་འདྲ་མིན་སྣ་ཚོགས་ཀྱིས་གང་སྟེ་ ཧིང་སུབ་ཁག་ཁ་འགྱོ་བའི་ ནམ་དུས་ལུ་ གཞུང་ས་ཐར་ཐོར་སྦེ་ ལུས་མི་ཚུ་ སྔོ་ཚལ་ལྡུམ་ར་དང་ ཨ་ལུ་རྩེདམོ་རྩེ་ས་ དེ་ལས་ མི་སྡེ་ལྟེ་བ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ བཞག་དགོཔ་དེ་ གལ་ཆེ་ཟེར་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ བཤདཔ་ཨིན་པས།
བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ཡོད་པ་ཅིན་ གན་ཡིག་བཟོ་མི་དང་འཁྲིལ་ ང་བཅས་ཀྱིས་ ཁག་འབགཔ་ཚུ་ལུ་ རྒུད་འཐུས་སྤྲོད་དགོཔ་འོང་ཟེར་ ཞབས་ཏོག་བློན་པོ་གིས་ བཤདཔ་ཅི།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཨྱོན་ཚེ་དབང་གིས་ སླབ་མིའི་ནང་ སྒེར་དབང་ས་ཆ་ཚུ་ནང་ སྒྲིང་ཁྱིམ་རྐྱབ་མི་ཚུ་ལུ་ བཀག་ཆ་འབད་ཐབས་མེདཔ་ཨིན་རུང་ གཞུང་དབང་ས་ཆ་ཚུ་གི་ཐད་ལུ་ བཟོ་སྐྲུན་འབད་མི་འབད་ གདམ་ཁ་རྐྱབ་ནི་གི་དབང་ཚད་ གཞུང་ལུ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ ལྟ་རྟོག་པ་ཚུ་གིས་ སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ ཧེ་མ་ལས་ འཆར་གཞི་བརྩམས་ཏེ་ ཁག་འབག་གི་ ལཱ་ཚུ་ཡང་ རིན་བསྡུར་འབད་ཐོག་ལས་ སྤྲོད་ཚར་བའི་རྗེས་སུ་ གློ་བུར་དུ་ བཀག་ཆ་འབད་མི་དེ་གིས་ གཞུང་ལུ་ སྐུ་གྱོང་ཕོག་ཡོདཔ་ལས་ དེ་གི་ འཁྲི་འགན་ག་ལུ་ཕོགཔ་ཨིན་ན་ཟེར་ དྲི་བཀོད་འབདཝ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment