གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཁོ་མང་དུར་ཁྲོད་ལུ་ གསར་བཞེངས་འབད་མི་ བདུད་འདུལ་མཆོད་རྟེན་ བསྒྲུབ་རན་ཁར་ལྷོད་ཡོདཔ།

ཟླ་༣ པའི་ཚེས་༢༦།
༡༦/༥/༢༠༡༢

བསྒྲུབ་རན་ཁར་ལྷོད་མི་ བདུད་འདུལ་མཆོད་རྟན།
༉ ལྷུན་རྩེ་རྫོང་ཁག་ མཁོ་མང་དུར་ཁྲོད་ཀྱི་རྩ་བར་ བདུད་འདུལ་མཆོད་རྟེན་ཅིག་བཞེངས་པའི་བསྒང་ཡོད་མི་དེ་ ཧ་ལམ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ཨིན་པས།


རིང་ཚད་ ཕིཊི་༡༠༣ དང་ རྒྱ་ཚད་ཕིཊི་༤༨ འབད་མི་ བདུད་འདུལ་མཆོད་རྟེན་དང་ དེ་གི་རྩ་བ་ རྒྱ་ཚད་ཕིཊི་༡༣ དང་ རིང་ཚད་ཕིཊི་༡༣ འབད་མི་ རྣམ་རྒྱལ་ཁང་བཟང་མཆོད་རྟེན་  དེ་གི་རྒྱབ་ཁར་ རྒྱ་ཚད་ཕིཊི་༡༠ འབད་མི་ བདེ་གཤེགས་མཆོད་རྟེན་༨ དེ་ལས་ ཕྱིའི་ལྕགས་རི་ཕིཊི་༧ རེ་འབད་མི་ བྱང་ཆུབ་མཆོད་རྟེན་༡༠༨ འབད་མི་ཚུ་ ན་ཧིང་ རང་ཟླ་༩ པའི་ནང་ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ་ འགོ་བཙུགས་ཡོད་མི་དེ་ དུས་ཅི་རང་ཟླ་༥ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
རྣམ་རྒྱལ་ཁང་བཟང་མཆོད་རྟེན་དེ་ཡང་ དང་ཕུ་ གཏེར་ཆེན་གུ་རུ་ཆོས་དབང་གིས་ བྱང་ཆུབ་མཆོད་རྟེན་ཆུང་ཀུ་གཅིག་བཞེངས་ཡོད་མི་དེ་ ཧ་ལམ་ ཉམས་ཆག་ཤོར་ཡོདཔ་ལས་ བྱིན་རླབས་ཉམས་མ་བཅུག་པར་ མཆོད་རྟེན་དེ་ ནང་རྟེན་གཙོ་བོ་སྦེ་བཞག་ཞིནམ་ལས་ བཞེངས་དོ་ཡོདཔ་ཨིན་པས།
མཆོད་རྟེན་དེ་ ལྷུན་རྩེ་རབ་སྡེའི་གྲྭ་ཚང་གི་ འཚོ་ཆེན་བླམ་དང་ མཁོ་མའི་བླམ་རྣམ་གྲོལ་བཟང་པོ་༢ ཀྱིས་ འགོ་འདྲེན་ཐོག་ རྫོང་ཁག་གི་རྒྱབ་སྐྱོར་ཐོག་ལས་ བཞེངསམ་ཨིན་པས།
མཆོད་རྟེན་བཞེངས་སའི་འགོ་འདྲེན་པ་ འཚོ་ཆེན་བླམ་འགྱུར་མེད་མཐུ་སྟོབས་ཀྱིས་ སླབ་མིའི་ནང་ མཆོད་རྟེན་དེ་བཞེངས་ནིའི་དོན་ལུ་ མ་དངུལ་ལངམ་མེད་མི་ལུ་བརྟེན་ དཀའ་ངལ་དུམ་གྲ་ཅིག་ཐོན་ཡོད་རུང་ དད་མོས་ཅན་ཚུ་གིས་ ཁས་བླངས་ཞབས་ཏོག་འབད་མི་ལུ་བརྟེན་ གྲུབ་འབྲས་མཐར་འཁྱོལ་འབྱུང་དོ་ཟེར་ཨིན་པས།
འཚོ་ཆེན་བླམ་གིས་འབད་བ་ཅིན་ མཆོད་རྟེན་གྱི་དོན་ལུ་ མཁོ་མང་དང་ སྨིན་རྗེ་ སྒང་ཟུར་ དེ་ལས་ སྨན་སྦིས་རྒེད་འོག་ སྟག་མོ་ཆུ་གཡུས་ཚན་གྱི་ མི་སེར་ཚུ་གིས་ ཞབས་ཏོག་ཞུ་ཡོདཔ་མ་ཚད་ རྫོང་ཁག་གི་ལས་བྱེདཔ་དང་ རྫོང་ཁག་འོག་གི་ སློབ་གྲྭ་ཁག་ཚུ་གིས་ཡང་ བདུན་མཐའི་ངལ་གསོ་ཚུ་ནང་ ཞབས་ཏོག་ཞུ་དོ་ཟེར་ཨིན་པས།
མཆོད་རྟེན་དེ་ཡང་ རྒྱལ་ཁབ་ནང་གི་ དུར་ཁྲོད་རྩ་ཅན་ཅིག་ཨིན་མི་ ཧེ་མ་ མེ་ཏོག་ཕུག་ཟེར་སླབ་སྲོལ་ཡོད་མི་ ཡོངས་གྲགས་ལུ་ མཁོ་མང་དུར་ཁྲོད་ཟེར་མི་གི་རྩ་བར་ བཞེངས་དོ་ཡོད་མི་ དེ་ཡང་ དུར་ཁྲོད་ནང་ གཤིན་པའི་བསྲེག་སྦྱང་ལ་སོགས་པའི་ དགེ་རྩ་ཚུ་སྒྲུབ་པར་འོང་པའི་སྐབས་ སྐོར་ར་རྐྱབ་སྟེ་ རྐྱེན་ངན་བར་ཆད་ཚུ་ བསལ་ནི་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
མཆོད་རྟེན་དེ་ གནས་ཆེན་ སྦས་ཡུལ་མཁན་པ་ལྗོངས་དང་ ཕུ་རྙིང་ལ་དང་ ཨ་བརྒྱ་གནས་ དེ་ལས་ སེང་གེ་རྫོང་ལ་སོགས་པའི་གནས་གསུམ་གྱི་རི་མཇུག་དང་ སེང་གེ་རྫོང་མཇུག་ལས་བབས་མི་མཁོ་མ་ཆུ་དང་ བོད་ལྷོ་བྲག་མཁར་ཆུ་གི་འོག་ལས་མར་བབས་མི་ཀུར་རི་ཆུ་༢ འཛོམས་སར་ བཞེངས་དོ་ཡོདཔ་ཨིན་པས།
མཁོ་མང་དུར་ཁྲོད་དེ་ རྩ་ཅན་ཨིན་མིའི་རྒྱུ་མཚན་དེ་ཡང་ གཏེར་སྟོན་གུ་རུ་ཆོས་དབང་གིས་ ད་ལྟོ་དུར་ཁྲོད་ཡོད་སའི་རྩ་བར་ བྲག་ཕུག་ཅིག་ཡོད་མི་ མེ་ཏོག་ཕུག་ཟེར་ས་ སྒྲུབ་པ་གནང་ཞིནམ་ལས་གནས་དེ་ཁར་ མེ་སྦྱང་འབད་བ་ལྷོད་མི་ག་ར་ ངན་སོང་ལུ་མི་ལྷུང་ཟེར་ དབུ་མནའ་བཞེས་ཞིནམ་ལས་ དུར་ཁྲོད་བཅགས་གནང་ནུག་ཟེར་བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment