གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོང་གསེབ་ནགས་ཚལ་ལུ་གཙོ་རིམ།

༩/༥/༢༠༡༢

༉ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ རྫོང་ཁག་༢༠ འི་ ནགས་ཚལ་འགོ་དཔོན་ཚུ་གིས་ ཁ་ཙ་ ཐིམ་ཕུ་ རོ་མཆོག་དཔལ་རི་བཟའ་ཁང་ནང་སྦེ་ གོ་བསྡུར་ཞལ་འཛོམས་ཅིག་འཚོགས་མིའི་ནང་ ལོ་ལྔའི་འཆར་གཞི་བཅུ་པའི་ གྲུབ་འབྲས་དང་ འཆར་གཞིའི་ལས་རིམ་ལས་ཐོབ་པའི་ཉམས་མྱོང་ འཆར་གཞི་བཅུ་པའི་ནང་ དམིགས་ཡུལ་གྲུབ་མ་ཚུགས་མི་ཚུ་ འཆར་གཞི་བཅུ་གཅིག་པའི་ནང་ གཙོ་རིམ་ཅན་གྱི་ཐོག་ལས་འབད་ནིའི་དོན་ལུ་ཨིན་པས།


ལོ་ལྔའི་འཆར་གཞི་བཅུ་པའི་དམིགས་ཡུལ་ཅིག་ རྒྱལ་ཁབ་ནང་ གྲོང་གསེབ་ཀྱི་ནགས་ཚལ་༤༠༠ གཞི་བཙུགས་འབད་ནིའི་དམིགས་འཆར་ཡོད་མི་ལས་ སྤྱི་ཟླ་༤ པའི་ཚེས་༣༠ ཚུན་ གྲོང་གསེབ་ནགས་ཚལ་༣༨༨ གཞི་བཙུགས་འབད་ཡོདཔ་བཞིན་དུ་ དེ་ཁར་ གུང་པ་༡༧,༦༦༦ གིས་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ མི་རློབས་ཀྱི་གྲངས་འབོར་དང་འཁྲིལ་བ་ཅིན་ བརྒྱ་ཆ་༦༩ གིས་ གྲོང་གསེབ་ནགས་ཚལ་ནང་ འབྲེལ་གཏོགས་འབད་ཐོག་ལས་ འབད་བརྩོན་དང་ དང་འདོད་བསྐྱེད་དེ་ གོ་སྐབས་ལེན་ཚུགས་པའི་འོས་འབབ་འདུག་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ རྫོང་ཁག་ནགས་ཚལ་འགོ་དཔོན་ཚུ་གིས་ ལོ་ལྔའི་འཆར་གཞི་བཅུ་པའི་ནང་ ཤིང་གི་ལྕངམ་༩༥ གསོ་སྐྱོང་འབད་བའི་ཁར་ ས་ཆ་ཨེ་ཀར་༥༧,༡༤༨ ལག་ལེན་འཐབ་སྟེ་ ཤིང་མིན་ཐོན་སྐྱེད་ གྲོང་གསེབ་མི་སེར་ཚུ་གིས་ འཛུགས་སྐྱོང་དང་ ལག་ལེན་འཐབ་བཅུག་ཐོག་ལས་ སྤྱི་ལོ་༢༠༠༧ ལུ་ འོང་འབབ་ ས་ཡ་༦༠ བཟོ་མི་དེ་ སྤྱི་ལོ་༢༠༡༢ སྤྱི་ཟླ་༤ འི་ནང་འཁོད་ འོང་འབབ་དངུལ་ཀྲམ་ས་ཡ་༡༠༠ བཟོ་ཡོད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
མི་སྡེ་གྲོང་གསེབ་ཚུ་ནང་ལས་ཕར་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་ལུ་ ཤིང་མིན་ཐོན་སྐྱེད་ཚུ་ ཡུན་བརྟན་ལག་ལེན་འཐབ་ནིའི་དོན་ལུ་ འཛིན་སྐྱོང་ལེགས་ཤོམ་འཐབ་མི་ལུ་བརྟེན་ སྤྱི་ལོ་༢༠༠༧ ལུ་ བརྒྱ་ཆ་༤ ཡོདཔ་ཨིན་རུང་ ད་རེས་ བརྒྱ་ཆ་༢༠ ལུ་ལྷོད་ཡོད་མུ་ལུ་བལྟཝ་ད་ བརྒྱ་ཆ་༡༦ གིས་ཡར་སེང་སོང་ནུག་ཟེར་ཨིན་པས།
ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ ནགས་ཚལ་འགོ་དཔོན་གོངམ་ བསོད་ནམས་དཔལ་སྒྲོན་གྱིས་ སླབ་མིའི་ནང་ རྫོང་ཁག་༡༤ གིས་ ཤིང་མིན་ཐོན་སྐྱེད་ལས་རིམ་གཞི་བཙུགས་ཀྱི་ འབྲེལ་གཏོགས་འབད་མིའི་ནང་ མི་སེར་སྡེ་ཚན་༦༧ འདུག་ཟེར་ཨིན་པས།
ཆུ་ཁ་དང་ ཧཱ་ སྤ་རོ་ མགར་ས་ སྤུ་ན་ཁ་ དེ་ལས་ རྩི་རང་རྫོང་ཁག་༦ ནང་ ཤིང་མིན་ཐོན་སྐྱེད་ཀྱི་རིགས་ཚུ་ ལག་ལེན་འཐབ་ཡོད་རུང་ ད་ཚུན་ སྡེ་ཚན་སྦེ་མེདཔ་ལས་ ཤིང་མིན་ཐོན་སྐྱེད་སྡེ་ཚན་གཞི་བཙུགས་འབད་མི་ གུང་པ་༡༠༢༡ ལུ་ཕན་ཐོགས་བྱུང་མི་གིས་ མི་སེར་ལུ་ འོང་འབབ་བརྒྱ་ཆ་༦༩ བཟོ་ཚུགས་ཅི་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ ཀརྨ་འཇིགས་མེད་བསྟན་འཕེལ་གྱིས་ འབད་བ་ཅིན་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ ལོ་ལྔའི་འཆར་གཞི་བཅུ་པའི་ དམིགས་ཡུལ་གྲུབ་དགོཔ་ཡོད་མི་ལས་ གྲུབ་འབྲས་ག་དེ་ཅིག་ཐོན་ཡོདཔ་ཨིན་ན་དང་ འཆར་གཞི་བཅུ་གཅིག་པའི་ནང་ ག་ཅི་རང་འབད་དགོཔ་ཨིན་ན་ དེ་ལས་ འཆར་གཞི་བཅུ་པའི་ལས་རིམ་ཚུ་ གཞི་བཙུགས་འབད་བའི་སྐབས་ འགོ་དཔོན་གྱི་ ཉམས་མྱོང་ཚུ་ བརྗེ་སོར་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྫོང་ཁག་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ ནགས་ཚལ་དང་འབྲེལ་བའི་ བྱ་སྒོའི་ལས་རིམ་ལེ་ཤ་ཅིག་གཞི་བཙུགས་འབད་ནི་དང་ ལཱ་འབད་དགོཔ་ལེ་ཤ་ཐོན་པའི་སྐབས་ རྫོང་ཁག་ནང་ མི་སྟོབས་མ་ལང་པའི་དཀའ་ངལ་དེ་ གཙོ་རིམ་ཅན་ཅིག་ཨིནམ་མ་ཚད་ མི་དང་ རི་དྭགས་སེམས་ཅན་གྱི་ བར་ནའི་བྲེལ་ཟིང་ ཤིང་མིན་ཐོན་སྐྱེད་ཡུན་བརྟན་ལག་ལེན་འཐབ་ནི་ དེ་ལས་ ཤེས་རྟོགས་མེད་པའི་དཀའ་ངལ་སྦོམ་ཡོདཔ་ཨིན་པས།
འཆར་གཞི་དང་འཁྲིལ་བའི་ལས་རིམ་ཚུ་ ལེགས་བཅོས་འབད་དགོཔ་ཡོདཔ་ཨིན་རུང་ ལེགས་བཅོས་འབད་ནིའི་དོན་ལུ་ ཅ་ཆས་དང་ འཆར་དངུལ་ཚུ་ལང་སྦེ་ མེད་པའི་དཀའ་ངལ་ཡང་འདུག་ཟེར་ཨིན་པས།
འགོ་དཔོན་ལ་ལུ་ཅིག་གིས་འབད་བ་ཅིན་ ནགས་མེ་ཤོར་བའི་སྐབས་ གྲོང་གསེབ་ལས་ཕར་སྡོད་མི་ཚུ་གིས་ རང་སོའི་ནགས་ཚལ་ནང་མ་གཏོགས་ གཞན་མིའི་ནང་ ཆ་རོགས་འབད་མ་བཏུབ་པའི་དཀའ་ངལ་ཡོད་པའི་ཤེས་གསལ་བྱུང་བའི་ཁར་ སོག་ཤིང་བདག་འཛིན་དང་ རྩ་འབྲོག་ངོས་འཛིན་ དེ་ལས་ ཤིང་བཙུགས་ནིའི་ལཱ་འབདཝ་ད་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ཡོད་ཟེར་ ཨིན་པས།
ཞལ་འཛོམས་ནང་ འཆར་གཞི་བཅུ་གཅིག་པའི་སྐབས་ལུ་ ག་ཅི་ར་འབད་དགོཔ་ཨིན་ནའི་སྐོར་ལས་ གྲོས་བསྡུར་ཚུ་འབད་ཐོག་ལས་ ད་རིས་འཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment