གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རི་དྭགས་སེམས་ཅན་ཚུ་གི་ ཆ་ཤས་ནག་ཚོང་འཐབ་མི་ལུ་ ཉེས་བྱ་ཡར་སེང་འབད་ནི།

༨/༥/༢༠༡༢
ཤ་བདའ་མི་ཚུ་གིས་ རི་དྭགས་སེམས་ཅན་ཚུ་གི་གྲས་ལས་ མང་ཤོས་ར་ གླ་ཅུངམ་བསད་མི་དེ་ཡང་ གླ་རྩི་ག་རམ་༡༠ ལུ་ གོང་ཚད་དངུལ་ཀྲམ་༨,༠༠༠ ལྷགཔ་རེ་ ཐོབ་ནི་དེ་གིས་ཨིན་པས།

༉ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱིས་ འཕྲལ་མགྱོགས་ར་ རི་དྭགས་སེམས་ཅན་ནག་ཚོང་འཐབ་མིའི་ཉེས་ཆད་ ཡར་སེང་འབད་ནིའི་དོན་ལུ་ ཁྲིམས་བསྐྱར་གསོ་འབད་བའི་བསྒང་ཡོདཔ་ཨིན་པས།


ལས་ཁུངས་ཀྱི་ ཁྲིམས་དང་འཁྲིལཝ་ད་ ད་རེས་ ཉེས་ཆད་མཐོ་ཤོས་ར་ གླངམོ་ཆེའི་མཆེཝ་དང་ ནོར་བུ་བསི་ལིའི་རྭཝ་ དེ་ལས་ སྟག་གི་པགས་ཀོ་དང་རུ་ཏོ་ཚུ་ལུ་ ཉེས་ཆད་དངུལ་ཀྲམ་༥༠,༠༠༠ རེ་ བཀལ་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ ལོག་ལྟབ་སྦེ་ ཡར་སེང་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཨིན་རུང་ ད་ལྟོ་ ལཱ་འབད་བའི་བསྒང་ཡོདཔ་ལས་ ཉེས་བྱ་བརྒྱ་ཆ་ ག་དེམ་ཅིག་ ཡར་སེང་འབད་ནི་ཨིན་ན་ ཁ་གསལ་སྦེ་ སླབ་མི་ཤེས་པས་ཟེར་ འགོ་དཔོན་ཚུ་གིས་ སླབ་ཡོདཔ་ཨིན།
ནགས་ཚལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་འབྲུག་པ་གིས་འབད་བ་ཅིན་ ཉེས་བྱ་ཚུ་ ཡར་སེང་འབད་དགོ་མི་དེ་ཡང་ གཙོ་བོ་ར་ རི་དྭགས་སེམས་ཅན་ཚུ་ ནག་ཚོང་འཐབ་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ དེ་བཟུམ་མའི་ ཐབས་ལམ་མ་བཏོན་པ་ཅིན་ སེམས་ཅན་གྱི་གྱངས་ཁ་དེ་ ལོ་གཅིག་བ་ལོ་གཅིག་ མར་ཉམས་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ ད་རེས་ནངས་པ་ ས་གནས་ཐདམ་ཐད་ཁ་ལས་ཕར་ འཁོར་ལམ་ལྷོད་མི་ལུ་བརྟེན་ ཤ་བདའ་མི་ཚུ་གིས་ ས་གནས་ག་ཏེ་ཡང་ འཇམ་ཏོང་ཏོ་སྦེ་ འགྱོ་ཚུགས་ནི་དེ་གིས་ ཧེ་མ་དང་ཕྱདཔ་ད་ ཤ་བདའ་མི་ལེ་ཤ་ཐོན་དོ་ཡོདཔ་ལས་ ཉེས་བྱ་ཡར་སེང་མ་འབད་བ་ཅིན་ ཐབས་ལམ་གཞན་མིན་འདུག་ཟེར་ཨིན་པས།
རྒྱལ་ཁབ་ནང་ རི་དྭགས་སེམས་ཅན་ཚུ་ ནག་ཚོང་འཐབ་ནི་ལས་ བཀག་ཐབས་འབད་མ་ཚུགས་པའི་ གནད་དོན་ངོ་མ་ར་ ཉེས་བྱ་ཉུང་མི་ལུ་བརྟེན་ཏེ་ཨིན་པས།
རི་དྭགས་སེམས་ཅན་སྲུང་སྐྱོབ་སྡེ་ཚན་གྱི་ ནགས་ཚལ་འགོ་དཔོན་གཙོ་འཛན་ སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་བཟུམ་འབད་བ་ཅིན་ ནག་ཚོང་འཐབ་མི་ཚུ་གིས་ འཇམ་ཏོང་ཏོ་སྦེ་ ཉེས་བྱ་བཏབ་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ དཔེ་འབད་བ་ཅིན་ ཁོང་གིས་ གླངམོ་ཆེའི་མཆེཝ་༡ བཙོང་པ་ཅིན་ དངུལ་ཀྲམ་འབུམ་ལས་བཅད་དེ་ ཐོབ་ཚུགས་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱལ་སྤྱིའི་གནས་ཚད་དང་འཕྱད་པ་ཅིན་ འབྲུག་རྒྱལ་ཁབ་ནང་ ནག་ཚོང་འཐབ་མི་ཚུ་ལུ་ ཉེས་བྱ་བཀལ་མི་དེ་ ལེ་ཤ་གིས་ ཉུང་དྲགསཔ་ལས་ ད་ལས་ཕར་ ཧ་ལམ་ རྒྱལ་སྤྱིའི་གནས་ཚད་དང་ འདྲ་མཉམ་སྦེ་ བཟོ་དགོཔ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ནང་ སྤྱི་ལོ་༡༩༩༡ ལུ་བཟོ་མི་ ཉེས་ཆད་ཀྱི་ ཁྲིམས་ལུགས་དེ་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་སྟེ་ཡོདཔ་ལས་ བསྒྱུར་བཅོས་འབད་ནིའི་དུས་ཚོད་ ན་འཐན་རན་ཡི་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ནགས་ཚལ་ལས་ཁུངས་ཀྱི་ ཐོ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༠༩ ལུ་ རི་དྭགས་སེམས་ཅན་ཚུ་ ནག་ཚོང་འཐབ་མི་༡༥ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༡ ལུ་༢༠ ལུ་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ གཞུང་གིས་ བདའ་ཟུན་མི་རྐྱངམ་གཅིག་མ་གཏོགས་ ཐོ་ནང་མ་ཚུད་མི་ ལེ་ཤ་ཡོདཔ་ཨིན་པས།
རི་དྭགས་སེམས་ཅན་ཚུ་གི་གྲས་ལས་ ཚོང་འབྲེལ་རྒྱ་ཆེ་དྲགས་སྦེ་ འཐབ་མི་དེ་ གླ་ཅུངམ་ཨིནམ་ད་ དེ་ཡང་ སེམས་ཅན་ལས་ཐོན་པའི་ གླ་རྩི་དེ་ རིན་གོང་སྦོམ་གནས་ནི་དེ་གིས་ཨིནམ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ གླ་རྩི་ག་རམ་༡༠ ལུ་ གོང་ཚད་དངུལ་ཀྲམ་༨,༠༠༠ རེ་ སྤྲོད་དགོ་པས་ཟེར་ཨིན་པས།
གླ་ཅུངམ་བདའ་མི་ཚུ་ མང་ཤོས་ར་ ནུབ་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༩༡ ལས་གླ་ཅུངམ་བདའ་མི་ཚུ་བཟུང་ནི་ འགོ་བཙུགསཔ་ལས་ཚུར་ ལོ་ངོ་བཅུ་ཕྲག་༢ དེ་ཅིག་གི་ ནང་འཁོད་ལུ་ར་ སེམས་ཅན་བརྒྱ་ལྷགཔ་ཅིག་ བསད་ཡོདཔ་བཞིན་དུ་ ཤ་བདའ་མི་༢༥ དེ་ཅིག་ལུ་ བཙོན་ཁྲིམས་བཀལ་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment