གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་འདུའི་མཐོ་རིམ་སློབ་ཕྲུག་༢ བཏོན་བཏང་ཡོདཔ།

༨/༥/༢༠༡༢

ད་རུང་ བྱུང་རྐྱེན་ནང་ འབྲེལ་གཏོགས་འབད་མི་ སློབ་ཕྲུག་གཞན་༢ དགོངས་ཕོག་བཏོན་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢༨ ཀྱི་ནུབ་མོར་ ཆུ་ཁ་དགེ་འདུ་ལུ་ འབྲུག་བརྒྱུད་འཕྲིན་གྱི་ ལས་བྱེདཔ་ཚུ་ སློབ་ཕྲུག་ཚུ་གིས་ བརྡུང་རྫོབ་འབད་ཡོད་པའི་ ཁ་ཉེས་བཀལ་བའི་ཤུལ་ལས་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་གིས་ འཐབ་འཛིང་ནང་ འབྲེལ་གཏོགས་འབད་མི་ སློབ་ཕྲུག་༤ ལས་༢ བཏོན་བཏང་ཡོདཔ་མ་ཚད་ སློབ་ཕྲུག་གཞན་༢ གནས་སྐབས་ཅིག་ དགོངས་ཕོག་བཏོན་ཡོདཔ་ཨིན་པས།


མ་གཞི་ ལོ་རིམ་༣ པའི་ནང་ལྷབ་མི་ སློབ་ཕྲུག་ཚུ་གིས་ རྒྱུན་སྐྱོང་གི་ ལཱ་འབད་ས་ལས་ ལོག་འོང་པའི་བསྒང་ཨིན་མི་ བརྒྱུད་འཕྲིན་གྱི་ ལས་བྱེདཔ་ཚུ་ལུ་ བརྡུང་རྫོབ་འབད་ཡོདཔ་ཨིན་ན་ ཡང་ཅིན་ ལས་བྱེདཔ་ཚུ་གིས་ སློབ་ཕྲུག་ཚུ་ལུ་ བརྡུང་རྫོབ་འབད་འབདཝ་ཨིན་ན་ ཏན་ཏན་སྦེ་ ཧ་མ་གོ་བའི་ཁར་ རྩ་ཕན་གཉིས་ཆ་རའི་ ཁ་ཐུག་ལས་ ལོ་རྒྱུས་མ་འདྲཝ་རེ་ བཤད་ནི་ཡོད་རུང་ རྩོད་དོན་དེ་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ ནང་འགྲིགས་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ མཐོ་རིམ་སློབ་གྲྭའི་འཛིན་སྐྱོང་གི་ སྒྲིག་ཁྲིམས་ཚོགས་ཆུང་གི་ མགྲིན་ཚབ་ཅིག་གིས་ སླབ་མིའི་ནང་ རྩོད་དོན་དེ་ ནང་འགྲིགས་ཐོག་ལས་ མཇུག་བསྡུ་ཡོདཔ་འོང་ནི་ཨིན་རུང་ སློབ་ཕྲུག་ཚུ་གིས་ མཐོ་རིམ་སློབ་གྲྭའི་སྒྲིག་ཁྲིམས་ལས་ འགལ་མི་ལུ་བརྟེན་ བཏོན་བཏང་ཡོདཔ་མ་གཏོགས་ ཁྲིམས་སྲུང་འགག་པའི་ རྩོད་དོན་དང་ ཡང་ཅིན་ དེ་ཚེ་ནུབ་མོར་ འཐབ་འཛིང་འབད་མི་ལུ་ གཞི་བཞག་སྟེ་མེན་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ དུས་ཡུན་ཆུ་ཚོད་༦ གི་རང་ གྲོས་བསྡུར་མཐིལ་ཕྱིན་འབད་བའི་ཤུལ་ལུ་ མཐོ་རིམ་སློབ་གྲྭའི་འཛིན་སྐྱོང་གིས་ སློབ་ཕྲུག་༢ བཏོན་གཏང་ནི་དང་ གཞན་མི་༢ དགོངས་ཕོག་བཏོན་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ མགྲིན་ཚབ་ཤེས་རབ་རྡོ་རྗེ་གིས་ བཤད་པའི་ཁར་ བཏོན་བཏང་མི་ སློབ་ཕྲུག་༢ ལུ་ སློབ་གྲྭ་དེ་ནང་ གནས་ཐོ་ལེགས་ཤོམ་མེདཔ་མ་ཚད་ ཧེ་མ་ཡང་ ལན་ཐེངས་༢ མཐོ་རིམ་སློབ་གྲྭ་ནང་ལས་ བཏོན་བཏང་ཡོད་རུང་ ལེགས་ཤོམ་འགྱོ་འོང་མནོ་སྟེ་ ན་ཧིང་གི་ལོ་ནང་ ཤེས་ཡོན་འཕྲོ་མཐུད་སྦྱང་ནི་གི་ གོ་སྐབས་བྱིན་ཡི་ཟེར་ བཤད་ཡོདཔ་ད་ ད་རེས་འབད་བའི་བསྒང་ལས་ བཞག་ཐབས་མ་བྱུང་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བཏོན་བཏང་མི་ སློབ་ཕྲུག་༢ ཀྱིས་ ཉོགས་བཤད་དང་ ངག་བརྗོད་ཚུ་ནང་ འཐབ་འཛིང་ནང་ འབྲེལ་གཏོགས་འབད་འབདཝ་མེད་ཟེར་ བཀོད་ཡོད་རུང་ ཁོང་ཆ་ཁྱབ་ ཆང་བགྲངས་ཐོག་ལས་ གནམ་ནུབ་མོར་ མཐོ་རིམ་སློབ་གྲྭའི་ཕྱི་ཁར་ འགྱོ་དགོཔ་མེདཔ་ཟེར་ མགྲིན་ཚབ་ཀྱིས་ བཤདཔ་ཨིན་པས།
སློབ་ཕྲུག་གཞན་༢ ལུ་ བཀྲ་མ་ཤིསཔ་འབད་བའི་ གནས་ཐོ་མེདཔ་ཨིན་རུང་ དགོངས་ཕོག་བཏོན་ཡོདཔ་ལས་ ཆོས་རྒྱུགས་རྐྱབ་ཆོག་ནི་ཨིན་རུང་ དུས་རྒྱུན་སློབ་སྟོན་འབད་སར་ འོང་མི་ཆོག་ནི་ཨིནམ་ད་ སློབ་ཕྲུག་༡ འཐབ་འཛིང་ནང་ འབྲེལ་གཏོགས་འབད་འབདཝ་མེད་རུང་ བྱུང་རྐྱེན་གྱི་སྐོར་ལས་ འཛིན་སྐྱོང་ལུ་ སྙན་ཞུ་མ་འབད་བར་ རྨ་སྐྱོན་བྱུང་མི་ ཆ་རོགས་ཚུ་ ཆ་རོགས་གཞན་ཅིག་གི་ཁྱིམ་ནང་ བསྐྱལ་ནུག་ཟེར་ ཤེས་རབ་རྡོ་རྗེ་གིས་ སླབ་ཨིན་པས།
དེ་འབདཝ་ད་ བྱུང་རྐྱེན་གྱི་སྐོར་ལས་ བརྒྱུད་འཕྲིན་གྱི་ ལས་བྱེདཔ་ཚུ་གིས་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment