གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྟ་བཤལཔ་ཚུ་ འབྲུག་ལུ་འོང་ནིའི་དོན་ལུ་ སྤྱོད་ཐམ་གྱི་ཚད་གཞི་མེདཔ།

༩/༥/༢༠༡༢

༉ འཛམ་གླིང་ནང་ འབྲུག་རྒྱལ་ཁབ་དེ་ ལྟ་བཤལ་པའི་ས་ཁོངས་གསརཔ་ཅིག་སྦེ་ ཚོང་བསྒྲགས་འབད་དོ་ཡོདཔ་མ་ཚད་ ལྟ་བཤལ་པའི་གྱངས་ཁ་ཡར་སེང་གཏང་ནི་ལུ་ གཙོ་བོར་བཟུང་ཐོག་ལས་ ལྟ་བཤལཔ་ལེ་ཤ་འོང་རུང་ འབྲུག་ལྟ་བཤལ་ཚོགས་སྡེའི་ སྤྱི་ལོ་༢༠༡༡ གི་སྙན་ཞུ་དང་འཁྲིལཝ་ད་ འགྲུལ་བསྐྱོད་དང་འབྲེལ་བའི་ མཁའ་འགྲུལ་ཞབས་ཏོག་ལུ་བརྟེན་ ལྟ་བཤལཔ་མང་ཤོས་ཅིག་ལུ་ དོ་འགྲན་བྱུངམ་ཨིན་པས།


འབྲུག་ལུ་འོང་ནིའི་དོན་ལུ་ དཀའ་ངལ་གྱི་གནས་སྟངས་སྐོར་ལས་ དྲི་བཀོད་འབད་མི་ལྟ་བཤལཔ་ ཡོངས་བསྡོམས་ལས་ བརྒྱ་ཆ་༨༠.༠༦ གིས་ འབད་བ་ཅིན་ བྱ་སྟབས་མ་བདེཝ་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ལྟ་བཤལཔ་གི་དོན་ལུ་ ནང་བསྐྱོད་སྤྱོད་ཐམ་བྱ་སྒོའི་རིམ་ལུགས་ཚུ་ ལྟ་བཤལ་ལས་སྡེ་གིས་འབད་མི་ལུ་བརྟེན་ཨིན་པས་ཟེར་ ཨིན་པས།
དྲི་བཀོད་འབད་མི་ཡོངས་བསྡོམས་ལས་ བརྒྱ་ཆ་༡༩.༩༥ གིས་འབད་བ་ཅིན་ ཁོང་གིས་ འབྲུག་ལུ་ལྟ་བཤལ་ལུ་འོང་ནིའི་དོན་ལུ་ བྱ་རིམ་ལག་ལེན་ནང་ དཀའ་ངལ་དུམ་གྲ་རེ་ཐོན་ཡི་ཟེར་ཨིནམ་ད་ བརྒྱ་ཆ་༡༧,༥༩ གིས་འབད་བ་ཅིན་ འབྲུག་ལུ་འོང་ནི་དེ་ འཇམ་ཏོང་ཏོ་ཅིག་མིན་འདུག་ཟེར་སླབ་པའི་ཁར་ བརྒྱ་ཆ་༢.༣༦ གིས་འབད་བ་ཅིན་ འབྲུག་ལུ་འོང་ཚུགས་ནི་ལུ་ དོ་འགྲན་སྦོམ་ར་བྱུང་ཡོདཔ་སྦེ་བཤདཔ་ཨིན་པས།
དཀའ་ངལ་བྱུང་མི་དེ་ གཙོ་བོ་ར་ ནང་བསྐྱོད་སྤྱོད་ཐམ་གྱིས་མིན་པར་ མཁའ་འགྲུལ་ཞབས་ཏོག་དང་འབྲེལ་བའི་གནས་སྟངས་ཚུ་ནང་ཨིནམ་སྦེ་བཤདཔ་ཨིན་པས།
ཁོང་གིས་ གསལ་བཀོད་འབད་ཡོད་པའི་ དཀའ་ངལ་ཚུ་ཡང་ གནམ་གཤིས་གནས་སྟངས་ལུ་བརྟེན་ གནམ་གྲུའི་འཕུར་འགྲུལ་ ཕྱིར་གྱངས་སྦེ་ལུས་མི་དང་ ཁོང་ར་ སྒེར་གྱི་ཐོག་ལས་ ནང་འཁོད་ལྟ་བཤལ་ལས་སྡེ་ཚུ་དང་ འབྲེལ་གནད་མེད་པར་འོངམ་ད་ གློག་རིག་ཡོངས་འབྲེལ་ཐོག་ལས་ གནམ་གྲུའི་ཤོག་འཛིན་ མཁོ་མངགས་འབད་ནི་གི་ཞབས་ཏོག་མཐུན་རྐྱེན་ཚུ་མེད་ནི་དེ་གིས་ དོ་འགྲན་བྱུངམ་མས་ཟེར་ཨིན་པས།
ན་ཧིང་ ལྟ་བཤལཔ་ཡོངས་བསྡོམས་༦༤,༠༠༠ ལྷགཔ་ཅིག་ འོང་མི་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ འབྲུག་ལུ་ལྟ་བཤལཔ་འོང་མི་གི་གྱངས་ཁ་དེ་ ལེ་ཤ་གིས་ ཡར་སེང་སོང་ཡོདཔ་ལས་ འབྲུག་རྒྱལ་ཁབ་དེ་ཡང་ འཛམ་གླིང་ནང་ ལྟ་བཤལ་པའི་ས་ཁོངས་ཅིག་ཨིན་པའི་ངོས་འཛིན་བྱུང་བའི་ གསལ་སྟོན་ཡོདཔ་བཞིན་དུ་ དེ་དང་འབྲེལ་ ལྟ་བཤལཔ་ཚུ་ འབྲུག་ལུ་འོང་ནིའི་དོན་ལུ་ མཐུན་རྐྱེན་དང་ ཞབས་ཏོག་གོང་འཕེལ་གཏང་དགོ་པའི་ གནད་དོན་ཚུ་ཡང་ ཡོདཔ་ཨིན་པས།
འབྲུག་ལུ་ ལོ་གཅིག་ལུ་ ལྟ་བཤལཔ་འོང་ནིའི་ཚད་གཞི་དེ་ཅིག་ཨིན་ཟེར་བཟོ་སྟེ་མེད་པར་ ཕྱི་མི་ནང་བསྐྱོད་ཀྱི་ སྤྱོད་ཐམ་དང་འབྲེལ་བའི་ ཁྲལ་རིགས་ཚུ་བཏབ་པ་ཅིན་ ཚར་ག་དེམ་ཅིག་འོང་རུང་ འོང་ཆོགཔ་ཨིན་རུང་ ཕྱི་མི་ཚུ་གིས་ མི་གྲངས་ཀྱི་ཚད་གཞི་མེད་པའི་ཤེས་རྟོགས་མ་བྱུངམ་ལས་ འབྲུག་ལུ་འོང་ནིའི་དོན་ལུ་ ཕྱི་མི་ནང་བསྐྱོད་ཀྱི་སྤྱོད་ཐམ་ ཐོབ་ནི་ལུ་ ལཱ་ཁག་ཡོདཔ་སྦེ་ བརྩི་འཇོག་འབད་མི་ཡང་ ལེ་ཤ་འདུག་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment