གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱིབ་ཤོག་ཏིར་པཱལ་ནང་ དཔེ་ཆ་ལྷབ་དགོ་པའི་དཀའ་སྡུག།

༩/༥/༢༠༡༢

སློབ་ཁང་ལངམ་སྦེ་མེད་མི་ རང་རྩི་སློབ་གྲྭ་ཆུང་བ།
༉ ཧཱ་རྫོང་ཁག་ དགའ་སྐྱིད་རྒེད་འོག་ལྟེ་བའི་ སྦོ་ལོགས་ཁར་ཡོད་མི་ རང་རྩི་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ སློབ་ཁང་ལངམ་སྦེ་ མེད་མི་ལུ་བརྟེན་ གྱིབ་ཤོག་ཏིར་པཱལ་འོག་ལུ་ དཔེ་ཆ་ལྷབ་དགོཔ་ བྱུང་དོ་ཡོདཔ་ཨིན་པས།
རང་རྩི་སློབ་གྲྭ་ཆུང་བ་དེ་ ཧཱ་ཁྲོམ་ལས་ ཉིན་ལམ་༤ རྐང་ཐང་སྦེ་ འགྱོ་དགོཔ་ཨིནམ་ད་ གཡུས་མི་ཚུ་གིས་ སླབ་མིའི་ནང་ རང་རྩི་གཡུས་ཚན་དེ་ བསམ་རྩེ་རྫོང་ཁག་དང་ ཧཱ་རྫོང་ཁག་གི་ ས་མཚམས་བཟུམ་ཅིག་ ཨིན་ཟེར་ཨིན་པས།


གྱིབ་ཤོག་ཏིར་པཱལ་ནང་ དཔེ་ཆ་ལྟ་མི་ བློ་གསར་སློབ་རིམ་གྱི་ ཨ་ལུ་ཚུ།

རང་རྩི་སློབ་གྲྭ་ཆུང་བ་ནང་ སློབ་ཕྲུག་ཡོངས་བསྡོམས་༡༤༠ དང་ སློབ་དཔོན་༨ ཡོདཔ་ཨིན་པས།
སློབ་གྲྭ་དེ་ སྤྱི་ལོ་༢༠༠༦ ལུ་ བློ་གསར་སློབ་རིམ་ལས་ འགོ་བཙུགས་ དུས་ཅི་ལས་ སློབ་རིམ་༦ པ་ཚུན་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་ སློབ་རིམ་༦ པ་ མཇུག་བསྡུཝ་ད་ ཧཱ་ཚ་འཕེལ་འབྲིང་རིམ་སློབ་གྲྭ་བར་མ་ནང་ གཏངམ་ཨིན་ཟེར་ སློབ་གྲྭའི་དབུ་འཛིན་ བཀྲིས་དབང་ཕྱུག་གིས་ བཤདཔ་ཨིན་པས།
རང་རྩི་སློབ་གྲྭ་ནང་ མི་དབང་རྒྱལ་པོའི་ལྟོ་ཟས་ སློབ་ཕྲུག་༣༠ ཡོདཔ་བཞིན་དུ་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ རི་ནིའུ་གིས་ སློབ་ཕྲུག་༥༧ ལུ་ སྐྱིད་སྡུག་བྱིན་ཏེ་ཡོདཔ་ད་ དེ་གི་གྲས་ལས་ སློབ་ཕྲུག་༢༧ སློབ་གྲྭའི་ཉལ་ཁང་ནང་ སྡོད་མི་ཨིན་པས།
འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ གྲོགས་རམ་ཐོག་ལས་ སློབ་ཕྲུག་ཚུ་ལུ་ དྲོ་པ་དང་ ཉིན་མའི་ ལྟོ་བྱིན་དོ་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ས་ཡོམ་རྐྱབ་མི་ལུ་བརྟེན་ སློབ་ཁང་ལ་ལུ་ཅིག་ལུ་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ཏེ་ བདུན་ཕྲག་༢ ཀྱི་ཧེ་མ་ཚུན་ སློབ་རིམ་༢ པ་དང་ དང་པ་ དེ་ལས་ བློ་གསར་སློབ་རིམ་ཚུ་ གྱིབ་ཤོག་ཏིར་པཱལ་ནང་ དཔེ་ཆ་ལྟ་དགོཔ་བྱུང་རུང་ བདུན་ཕྲག་༣ དེ་ཅིག་གི་ཧེ་མར་ སློབ་ཁང་ཚུ་ ཉམས་བཅོས་འབད་ཞིནམ་ལས་ སློབ་རིམ་༢ པ་དང་ དང་པ་དེ་ ལོག་སློབ་ཁང་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ བཀྲིས་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་ནང་ སློབ་ཁང་མ་ལང་པའི་དཀའ་ངལ་དེ་ ན་ཧིང་ལས་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ སློབ་ཁང་དང་ ཉལ་ཁང་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཁག་འབགཔ་གི་ལཱ་ཚུ་ དུས་ཅི་ སྤྱི་ཟླ་༢ པའི་ནང་ལས་ སྤྲོད་ཚར་ཏེ་ཡོད་ཟེར་ སླབ་ཨིན་པས།
ཁག་འབགཔ་ཉིམ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁག་འབག་ལཱ་དེ་ སྤྱི་ཟླ་༣ པའི་ནང་ལས་ར་ ཐོབ་ཅི་ཟེར་ཨིནམ་ད་ ད་ལྟོ་ ལཱ་འགོ་མ་བཙུགས་པའི་ཧེ་མར་ བཟོ་སྐྲུན་གྱི་ཅ་ཆས་ བྱེམ་དང་ ཤིང་ དེ་ལས་ རྩི་ས་ཚུ་ མཁོ་སྒྲུབ་འབད་དོ་ཟེར་ཨིན་པས།
བཟོ་སྐྲུན་གྱི་ཅ་ཆས་ བརྒྱ་ཆ་༨༠ དེ་ཅིག་ མཁོ་སྒྲུབ་འབད་ཚར་ཏེ་ཡོདཔ་ལས་ འཕྲལ་མགྱོགས་ར་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུག་ནི་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་བ་ཅིན་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ལཱ་འབད་སའི་ས་ཁོངས་ནང་ བསྐྱལ་ནིའི་དོན་ལུ་ ལམ་ཐག་རིང་ནི་དེ་གིས་ རྟ་ལག་ལེན་འཐབ་སྟེ་ ཡོད་ཟེར་ཨིནམ་ད་ བྱེམ་གྱི་ཐད་ཁར་ ཨ་མོ་ཆུ་ལས་ ལེན་དོ་ཡོདཔ་བཞིན་དུ་ རྩི་ས་ཚུ་ ཕུན་ཚོགས་གླིང་ལས་ ལེནམ་ཨིན་ཟེར་ཨིན་པས།
གཡུས་ཚན་ནང་ལས་ རྟ་ཚུ་གླ་ཁར་ལེནམ་ད་ རྟ་རེ་ལུ་ གླ་ཆ་དངུལ་ཀྲམ་༡,༢༠༠ རེ་ སྤྲོད་དགོཔ་ཨིན་རུང་ གནམ་བྱཱར་གྱི་དུས་ཚོད་ལུ་ རྟ་ཚུ་ ལཱ་ཁག་རྐྱབ་ནི་དེ་གིས་ བྱིན་མི་བཏུབ་པས་ཟེར་ཨིན་པས།
སློབ་ཁང་དང་ བཟའ་ཁང་བཟོ་སྐྲུན་འབད་མི་ ཨོ་རྒྱན་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཐག་རིང་ནི་དེ་གིས་ ལས་མི་ཚུ་ འཐོབ་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིནམ་ད་ མ་གཞི་ ཤིང་གི་ལཱ་འབད་ནིའི་དོན་ལུ་ ས་གནས་ཀྱི་ བཟོ་བོ་ཚུ་ ཐོབ་དོ་ཡོདཔ་ཨིན་རུང་ རྩི་སའི་ལཱ་འབད་ནིའི་དོན་ལུ་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་མི་དེ་གིས་ རྒྱ་གར་གྱི་ལས་མི་ཚུ་ ཐོབ་མ་ཚུགས་པའི་ཁར་ གལ་སྲིད་ཐོབ་རུང་ ས་ཐག་རིང་ནི་དེ་གིས་ འོང་མི་བཏུབ་པས་ཟེར་ཨིན་པས།
ཀུན་གསལ་གྱིས་ ཨོ་རྒྱན་བསྟན་འཛིན་དང་འབྲེལ་བ་འཐབ་པའི་སྐབས་ ཕུན་ཚོགས་གླིང་ལུ་ ལྕགས་ཤོག་ཉོ་བར་འོང་སྟེ་ཡོད་ཟེར་ཨིནམ་ད་ རུ་པིའི་དཀའ་ངལ་ལུ་བརྟེན་ དངུལ་ཀྲམ་ཐེབས་ སྤྲོད་དགོ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་ཚུ་ ལོ་༡ གི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་སྦེ་ ཡོད་ནི་དེ་གིས་ དུས་ཚོད་ནང་ མཇུག་བསྡུ་ཚུགས་ནིའི་དོན་ལུ་ རྩ་འགེངས་དོ་ཟེར་ སླབ་མ་ཚད་ ད་རེས་ཀྱི་ བཟོ་སྐྲུན་ལཱ་ནང་ ས་གནས་ཀྱི་ ཉམས་མྱོང་ཡོད་མི་ ལས་མི་ཚུ་ཡང་ འཚོལ་ཞིནམ་ལས་ ལཱ་འབད་ནི་ཟེར་ཨིན་པས།
ཨིན་རུང་ སློབ་གྲྭའི་དབུ་འཛིན་གྱིས་འབད་བ་ཅིན་ སློབ་གྲྭའི་སྒྲིང་ཁྱིམ་གསརཔ་ཚུ་ བཟོ་སྐྲུན་འབད་ཞིནམ་ལས་ཚུར་ སློབ་གྲྭའི་གནས་སྟངས་དང་ ད་ལྟོ་ཡོད་མི་ སློབ་ཕྲུག་ཚུ་ཡང་ གྱིབ་ཤོག་ཏིར་པཱལ་ནང་ སྡོད་མ་དགོ་པའི་ཁར་ སློབ་གྲྭའི་ཉལ་ཁང་ནང་ཡང་ ཨ་ལུའི་གྱངས་ཁ་ ཡར་སེང་འབད་ཚུགས་ནི་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment