གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཚུ་གིས་ ཨ་ལུའི་གསོ་འཐུས་ལེན་ནི་ལུ་ སྣང་དག་མི་བསྐྱེད་དོ་ཡོདཔ།

༩/༥/༢༠༡༢

ཨམ་སྲུ་མང་ཤོས་ཅིག་གིས་ ཨ་ལུ་མི་རྩིས་ནང་ བཙུག་ནིའི་དོན་ལུ་ ཕོ་སྐྱེས་ཚུ་གིས་ ངོ་སྤྲོད་ལག་ཁྱེར་གྱི་ འདྲ་པར་ཚུ་ བྱིན་མི་གིས་ ཁེ་རྒུད་བཏུབ་སྦེ་ བཞག་དོ་ཡོདཔ་ཨིན་པས།

ཆུ་སྨད་ཨུམ་གསང་གཡུས་ཚན།
༉ འདས་པའི་ལོ་ངོ་དག་པ་ཅིག་གི་ཧེ་མར་ གཞུང་གིས་ ཕམ་གཉེན་མ་རྐྱབ་པའི་ ཨ་ལུ་འབྲང་སྐྱེས་མི་ཚུ་གི་དོན་ལུ་ ཁྲིམས་ཡིག་བསྒྱུར་བཅོས་ཐོག་ གསོ་འཐུས་ཀྱི་ ཐོབ་ལམ་ལེགས་ཤོམ་བཟོ་གནང་པའི་ཤུལ་ལས་ ཨམ་སྲུ་ལ་ལུ་གིས་ ཐོབ་ལམ་འབོར་ཆེ་ཏོག་ཏོ་སྦེ་ འཐོབ་ནི་ཡོད་མི་ལུ་ གོ་སྐབས་ལེན་ནིའི་དོན་ལུ་ ཨ་ལུའི་ཨ་པ་མེན་མི་ཡང་ ཨ་པ་ཨིན་ཟེར་ མིང་བཏོན་ཏེ་ ཁ་ཉེས་བཀལ་བའི་ རྩོད་དོན་ཚུ་བྱུང་བའི་ ལོ་རྒྱུས་ཡོདཔ་ཨིན་པས།


དེ་འབདཝ་ད་ བུམ་ཐང་ཆུ་སྨད་རྒེད་འོག་ ཨུམ་གསང་གཡུས་ཚན་ནང་འབད་བ་ཅིན་ ཨམ་སྲུ་ཚུ་གིས་ ཁྲིམས་མཐུན་གྱི་ ཨ་པ་མེད་པར་ ཨ་ལུ་འབྲང་སྐྱེས་བའི་ཤུལ་ལས་ གསོ་འཐུས་ལེན་ནི་དེ་ གཙོ་བོ་ཅིག་སྦེ་ མི་བརྩི་དོ་ཡོདཔ་ལས་ ཨ་ལུ་མང་ཤོས་ར་ ཨའི་རྐྱངམ་གཅིག་གིས་ གསོ་དོ་ཡོདཔ་ཨིན་པས།
ཨུམ་གསང་གཡུས་ཚན་ནང་ ཁྱིམ་གུང་༦ ལས་མེད་པའི་ཁར་ ཨ་ལུ་༢༤ བརྩིསཝ་ད་ མི་འབོར་༤༣ དེ་ཅིག་ལས་བརྒལ་མེདཔ་བཞིན་དུ་ ཁྱིམ་༡ ནང་ བུམོ་ལྔ་ཡོད་ས་ལས་༤ ལུ་ ཨ་ལུ་ཡོད་རུང་ གཉེན་མ་རྐྱབ་པར་ཡོདཔ་མ་ཚད་ ཁོང་ལུ་ འབྲི་ལྷག་གི་ ཤེས་ཡོན་ཡང་མེདཔ་ཨིན་པས།
སྐྱེས་ལོ་༢༡ ལང་མི་ བདེ་སྐྱིད་དེ་ ཨ་ལུ་སྐྱེས་ཏེ་ ཉིན་གྲངས་༡༠ ལང་ཡོད་རུང་ ཨ་ལུའི་ཨ་པ་དེ་ ཉེ་འདབས་ཀྱི་ དགོན་པ་ཅིག་ནང་སྡོད་མི་ དགེ་སློང་ཅིག་ཨིནམ་ལས་ ད་ལྟོ་ ཁོ་ར་ ཀེ་ནེ་ཌ་ལུ་ སོང་སྟེ་ཡོད་ཟེར་ ལོ་རྒྱུས་བཤད་ནི་ཡོད་རུང་ ཨ་ལུའི་ཨ་པ་དེ་གིས་ མོ་དང་གཅིག་ཁར་ སྡོད་ནི་ལུ་ ཐེ་ཚོམ་ཡོད་ཟེར་ སླབ་ཨིན་པས།
དགེ་སློང་དེ་ ལོ་ངོ་དག་པ་ཅིག་གི་ཧེ་མར་ མོ་རའི་གཡུས་ཁར་ ཆོས་ལྷག་པའི་སྐབས་ལུ་ མོ་དང་ཕྱད་དེ་ ཁོང་༢ ཀྱི་བར་ན་ དགའ་མཐུན་གྱི་ མཐུན་ལམ་བྱུང་ཡོདཔ་ད་ མོ་ ཨ་ལུ་སྐྱེས་ནི་རནམ་ད་ དགེ་སློང་དེ་གིས་ ཀེ་ནེ་ཌ་ལས་ ཏི་རུ་བསྐྱལ་ཡོདཔ་ལས་ སེམས་དགའ་ཡོད་རུང་ ཤུལ་ལས་ ག་དེ་སྦེ་འབད་འོང་ག་ སླབ་མི་ཚུགས་པས་ཟེར་ མོ་གིས་ སླབ་ཨིན་པས།
ད་རུང་ སྐྱེས་ལོ་༣༣ ལང་མི་ པདྨ་ལུ་ རྨགཔ་བགྲེསཔ་ལས་ ཨ་ལུ་༢ ཡོདཔ་མ་ཚད་ ཤུལ་ལས་ གཡུས་ཚན་དེ་གི་ ཕོ་སྐྱེས་ཅིག་ལས་ཡང་ ཨ་ལུ་༡ སྐྱེས་ཡོད་རུང་ གསོ་འཐུས་ཚུ་ ག་ནི་ཡང་ མ་ལེན་པའི་ཁར་ བར་ན་མི་བཙུགས་ཏེ་ ལོ་རྒྱུས་ཡང་ མ་སླབ་པར་ དེ་སྦེ་ར་ བཞག་ཡོདཔ་ཨིན་པས།

མོ་གིས་ དེ་སྦེ་བཞག་དགོ་མི་དེ་ མོ་དང་གཅིག་ཁར་ འབྲེལ་བ་བྱུང་མི་ ཕོ་སྐྱེས་དེ་ ངོ་ཤེས་པའི་ཁར་ ཁྱིམ་ཚང་ཅིག་ཡང་ཨིནམ་ལས་ གསོ་འཐུས་ཀྱི་ ཐོབ་བརྗོད་བཀོད་པར་ བཤོལ་བཞག་ཅི་ཟེར་ཨིན་པས།
གསོ་འཐུས་ཀྱི་ ཐོབ་ལམ་ཡོདཔ་ཨིནམ་ ཧ་གོ་མི་ པདྨ་གིས་འབད་བ་ཅིན་ ཧེ་མའི་རྨགཔ་གིས་ཡང་ ཨམ་ཅུམ་འཚོལ་ཏེ་ སོང་ཡོད་རུང་ ཁོ་ལས་ཡང་ གསོ་འཐུས་ཚུ་ མ་ལེན་ཟེར་ཨིན་པས།
སྐྱེས་ལོ་༢༩ ལང་མི་ བདེ་ཆེན་གྱིས་ མོ་ར་ སྐྱེས་ལོ་༡༧ ལངམ་ད་ ད་ལྟོ་ སྐྱེས་ལོ་༡༢ ལང་མི་བུམོ་དེ་ སྐྱེས་བའི་ཤུལ་ལུ་ ཨ་ལུའི་ཨ་པ་དང་གཅིག་ཁར་ བློ་སླབ་སྟེ་ གཡུས་ཁའི་ལུགས་སྲོལ་ལྟར་ ནང་འགྲིགས་འབད་དེ་ གསོ་འཐུས་དངུལ་ཀྲམ་༡༥,༠༠༠ རྐྱངམ་གཅིག་ ལེན་བཞག་ཡོདཔ་ཨིན་པས།
ཨིན་རུང་ མོ་གི་ ལོ་༡ ལང་མི་ ཨ་ལུའི་ཐད་ཁར་ལྷོདཔ་ད་ གསོ་འཐུས་ག་ནི་ཡང་ མ་ལེན་པར་ བཞག་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ན་གཞོན་གོང་འཕེལ་ལྟེ་བའི་ཁྲི་འཛིན་ མི་དབང་རྒྱལ་ཡུམ་ ཨ་ཞེ་ཚེ་རིང་དཔལམོ་དབང་ཕྱུག་མཆོག་ གཡུས་ཚན་དེ་ནང་ བྱོན་པའི་སྐབས་ བུམ་ཐང་རྫོང་ཁག་དྲང་དཔོན་གྱིས་ ཐོབ་ལམ་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་མི་དེ་གིས་ སེམས་ཤུགས་ཐོབ་མི་ལུ་བརྟེན་ ཨ་ལུའི་གསོ་འཐུས་ཐོབ་བརྗོད་བཀོད་ནིའི་དོན་ལུ་ བློ་སླབ་ནི་ཟེར་ཨིན་པས།
ད་རུང་ སྐྱེས་ལོ་༢༤ ལང་མི་ སྒྲོལ་མ་གིས་ སླབ་མིའི་ནང་ མོ་རའི་ཨ་ལུ་ལོ་༢ ལང་མིའི་ཨ་པ་ ཨུ་ར་ལས་ཨིན་མི་དེ་གིས་ གསོལཝ་བཏབ་ལས་ ག་ནི་ཡང་ མ་ལེན་པར་བཞག་ཅི་ཟེར་ཨིན་པས།
ཨམ་སྲུ་ཚུ་ལུ་ ཨ་ལུའི་གསོ་འཐུས་ཐོབ་ལམ་ཡོད་པའི་སྐོར་ལས་ ཤེས་རྟོགས་ཡོད་རུང་ ཨམ་སྲུ་དག་པ་ཅིག་གིས་ ནང་འགྲིགས་འབད་དོ་ཡོདཔ་ད་ མང་ཤོས་ཅིག་གིས་ར་ ཨ་ལུ་མི་རྩིས་ནང་ བཙུག་ནིའི་དོན་ལུ་ ཕོ་སྐྱེས་ཚུ་གིས་ ངོ་སྤྲོད་ལག་ཁྱེར་གྱི་འདྲ་པར་ཚུ་ བྱིན་མི་གིས་ ཁེ་རྒུད་བཏུབ་སྦེ་ བཞག་དོ་ཡོདཔ་ལས་ གསོ་འཐུས་ལུ་ སྣང་དག་སྦོམ་ཅིག་ མི་བསྐྱེད་དོ་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ མི་ཚུ་མང་ཤོས་ར་ ཤེས་ཡོན་མ་ལྷབ་མི་ཚུ་ཨིན་རུང་ བུམོ་༥ ཡོད་ས་ལས་ གཅིག་རྐྱངམ་གཅིག་ གཉེན་མ་རྐྱབ་མི་དེ་ གཡུས་ཚན་གྱི་ གྲོང་གསེབ་གསོ་བའི་ལས་བྱེདཔ་ཨིནམ་ལས་ མོ་གིས་ ཨམ་སྲུ་ཚུ་ལུ་ བཟའ་ཚང་འཆར་གཞིའི་སྐོར་ལས་ གོ་བརྡ་ཚུ་ བཤད་བྱིན་དོ་ཡོདཔ་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་རའི་ ཆ་རོགས་བུམོ་ཚུ་ལུ་བལྟ་སྟེ་ ཡོན་ཏན་ལེ་ཤ་ཐོབ་ཡོདཔ་ལས་ ན་འཐན་དྲན་པ་བཏོན་དོ་ཟེར་ཨིན་པས།
རྫོང་ཁག་གི་ མི་རྩིས་འགོ་དཔོན་ འཇིགས་མེད་ཀྱིས་འབད་བ་ཅིན་ རྫོང་ཁག་གིས་ ལོ་བསྟར་མི་རྩིས་རྐྱབ་པའི་སྐབས་ལུ་ ཨམ་སྲུ་ཚུ་གིས་ མཁོ་གལ་ཆེ་བའི་ ཨ་ལུའི་ཨ་པ་ཚུ་གི་ ཡིག་ཆ་ཚུ་ འབག་འོང་ནི་ཡོདཔ་ལས་ རྩོད་དོན་མི་ཐོན་པས་ཟེར་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ རྫོང་ཁག་ནང་ གཉེན་འབྲེལ་གྱི་ གནས་སྡུད་དུས་མཐུན་བཞག་ནི་མེད་རུང་ སྤྱི་ལོ་༢༠༡༡ ལུ་གཉེན་འབྲེལ་གྱི་ རྩོད་གཞི་༡༠༤ དེ་ཅིག་ ཐོན་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment