གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་འབྱོག་དཀར་གཡུས་ཚན་ནང་ ལག་བཟོའི་ མོ་བཏབ་ལས་འགུལ་འགོ་བཙུགས་ཡོདཔ།

༩/༥/༢༠༡༢

༉ གཞལམ་སྒང་རྫོང་ཁག་ པཱན་སྦང་རྒེད་འོག་ འབྱོག་དཀར་གཡུས་ཚན་ནང་ ལག་བཟོ་ཕྱོགས་བསྡེབས་མོ་བཏབ་ལས་འགུལ་ཅིག་ འགོ་བཙུགས་མི་ལུ་བརྟེན་ ད་ལས་ཕར་ འབྱོག་དཀར་དང་ ཉེ་འདབས་ཀྱི་ གཡུས་ཚན་ནང་ རང་ལུགས་ཚར་བཟོ་ལུ་ གཙོ་བོར་བཏོན་མི་ཚུ་ གཅིག་ཁར་བསྡོམས་ཏེ་ ལཱ་འབད་ཚུགས་ནི་ཨིན་པས།
དེ་ཡང་ དུས་ཅི་ སྤྱི་ཟླ་༤ པ་ལས་འགོ་བཙུགས་ཏེ་ པཱན་སྦང་དྲུང་ཁག་དང་ བསྟན་རྒྱས་ལྷན་ཁག་འོག་གི་ རང་ལུགས་ལག་བཟོ་གོང་འཕེལ་ལས་སྡེ་༢ མཉམ་འབྲེལ་ཐོག་ལས་ བཟོ་གྲྭ་ཁང་ཅིག་ བཟོ་སྐྲུན་འབད་ནི་ འགོ་བཙུགས་མི་དེ་ མཇུག་བསྡུ་བའི་བསྒང་ལས་ ལག་བཟོ་ལུ་ གཙོ་བོར་བཏོན་མི་ཚུ་གིས་ བཟོ་གྲྭ་ཁང་དེ་ནང་ གཅིག་ཁར་སྦེ་ ལཱ་འབད་ཚུགས་ནི་ཨིན་པས།



ད་ཚུན་ལུ་ རང་སོའི་འཚོ་བའི་དོན་ལུ་ ལག་བཟོ་ལུ་ ཤུགས་བཏོན་སྡོད་མི་ ལེ་ཤ་ཅིག་ཡོད་རུང་ དེ་ཚུ་ ས་གནས་ཁག་ཚུ་ནང་ ཁ་སྟོར་ཡོདཔ་མ་ཚད་ ཚོང་འབྲེལ་གྱི་དོན་ལུ་ བར་འབྲེལ་བ་ཚུ་ཡོདཔ་ལས་ ལས་འགུལ་དེ་གིས་ ཁེ་སང་ཚུ་ ལེགས་ཤོམ་སྦེ་ ཐོབ་མ་ཚུགས་པའི་ དཀའ་ངལ་བསལ་ཚུགས་ནི་ཨིནམ་མ་ཚད་ ལས་སྡེ་གིས་ ཚར་བཟོ་ལུ་ གཙོ་བོ་བཏོན་མི་ཚུ་ལུ་ ཚོང་ལམ་གྱི་ གྲོགས་རམ་ཡང་ འབད་ནི་ཨིན་པས།
ལས་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁོང་གིས་ འབྱོག་དཀར་གྱི་ཚར་བཟོཔ་ཚུ་དང་ ལག་བཟོ་ཚོང་པ་ཚུ་གི་བར་ན་ མཉམ་འབྲེལ་ བཟོ་ནི་ཨིནམ་ལས་ རང་སོའི་ དང་འདོད་དང་འཁྲིལ་ ཚོང་འབྲེལ་ཚུ་ འཐབ་ཚུགས་ཟེར་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་གིས་ རང་ལུགས་ ཚར་བཟོའི་ཐོན་སྐྱེད་ སྣ་ཁག་མ་འདྲཝ་ ལེ་ཤ་ཡོད་རུང་ ད་ལས་ཕར་ ལས་འགུལ་གྱིས་ ལྟ་བཤལཔ་དང་ གཞན་མི་ཚོང་མགྲོན་པ་ཚུ་གི་ མཁོ་འདོད་དང་བསྟུན་ རིག་གསར་གྱི་ཐོག་ལས་ བཟོ་བཀོད་ཚུ་ འབད་ནི་ཨིན་པས།
ད་ལྟོ་ཚུན་ ས་གནས་དེ་ནང་ལས་ ཚར་བཟོཔ་༡༢༦ གིས་ ཐོ་བཀོད་འབད་ཡོདཔ་ད་ སྡེ་ཚན་དེ་གི་མིང་ཡང་ འབྱོག་དཀར་ཚར་བཟོ་གོང་འཕེལ་ཚོགས་པ་ཟེར་ བཏགས་ཡོདཔ་ལས་ ལག་བཟོའི་ནང་ མི་སྡེ་མཉམ་འབྲེལ་ཚོགས་པའི་ནང་ ཐོ་བཀོད་འབད་མི་ འགོ་དང་པ་ཨིན་པས།
རང་ལུགས་ལག་བཟོ་གོང་འཕེལ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ངོ་ཚབ་ ཚེ་རིང་དཔལ་སྒྲོན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ དེ་བཟུམ་མའི་ ལས་འགུལ་འགོ་བཙུགས་དགོ་མི་དེ་ཡང་ གཙོ་བོ་ར་ ས་གནས་ཚུ་ནང་ རང་ལུགས་ཚར་བཟོའི་ནང་ འབྲེལ་གཏོགས་འབད་མི་ལེ་ཤ་ཡོད་རུང་ ལམ་ལུགས་ཚུ་ ཚུལ་མཐུན་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ རིག་གསར་གྱི་བཟོ་བཀོད་ཚུ་ ཐོན་སྐྱེད་འབད་ནིའི་དོན་ལུ་ ལས་སྡེ་གིས་ རྒྱལ་ཁབ་གཞན་ཚུ་ལས་ བཟོ་བཀོད་དང་ འཕྲུལ་རིག་མཁས་མཆོག་ཚུ་ ལེན་ཞིནམ་ལས་ འབྲུག་པའི་ ཚར་བཟོ་མཁས་མཆོག་ཚུ་དང་ མཉམ་འབྲེལ་ཐོག་ལས་ བཟོ་བཀོད་གསརཔ་ཚུ་ བཟོ་ནི་ཨིན་རུང་ རང་ལུགས་ཀྱི་ བཟོ་བཀོད་ཚུ་ བདག་འཛིན་འཐབ་དགོཔ་ཡོདཔ་བཞིན་དུ་ རིག་གསར་གྱི་བཟོ་བཀོད་ཚུ་ ཚད་ལས་བརྒལ་ཏེ་ བཟོ་མི་བཅུག་ཟེར་ཨིན་པས།
རང་ལུགས་ལག་བཟོ་གོང་འཕེལ་ལས་སྡེ་གིས་ ཚར་བཟོ་ཐོན་སྐྱེད་འབད་ནིའི་དོན་ལུ་ མི་སེར་ཚུ་ལུ་ གཞི་རྟེན་ཅ་ཆས་ ལེ་ཤ་ཅིག་ར་ མཁོ་སྒྲུབ་འབད་དེ་ཡོདཔ་ལས་ འཕྲལ་མགྱོགས་ར་ བགོ་བཀྲམ་འབད་ནི་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment