གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་རྫོང་ཁག་ནང་ ཁག་འབག་གི་ ལཱ་ཚུ་ལུ་ ཞིབ་དཔྱད་འབད་ནི།

༩/༥/༢༠༡༢

ཁག་འབགཔ་ཚུ་གིས་འབད་བ་ཅིན་ ཁག་འབག་གི་ རིན་བསྡུར་ཚུ་ནང་ དྭངས་གསལ་དང་ རྣམ་དག་མེད་པའི་ དོགས་སྣང་ཡོད་ཟེར་ཨིན་པས།

རྫོང་ཁག་བཟོ་སྐྲུན་ཚོགས་པའི་ཁྲི་འཛིན་ རྡོ་རྗེ་ལས་སྐྱིད་ཀྱིས་ 
རིན་བསྡུར་རྣམ་དག་མེད་པའི་སྐོར་ལས་ གསལ་ཞུ་འབད་བའི་བསྒང་།
༉ འདས་པའི་ལོ་ངོ་༣ གྱི་ ནང་འཁོད་ལུ་ མོང་སྒར་རྫོང་ཁག་ནང་ ཁག་འབག་གི་ ལཱ་ལ་ལུ་ཅིག་ རིན་བསྡུར་འབདཝ་ད་ དྭངས་གསལ་དང་ རྣམ་དག་མ་འགྱོ་བའི་ ཉོགས་བཤད་བཀོད་མི་དང་འཁྲིལ་ ཚོགས་ཆུང་ཅིག་གིས་ ཞིབ་དཔྱད་འབད་ནི་ཨིན་པས།


དེ་ཡང་ སྤྱི་ཟླ་༥ པའི་ཚེས་༧ ལུ་ མོང་སྒར་རྫོང་ཁག་གི་ རྫོང་ཁག་ཚོགས་འདུ་ཐེངས་༢ པ་ འཚོགས་པའི་སྐབས་ལུ་ རྫོང་ཁག་བཟོ་སྐྲུན་ཚོགས་པའི་ ཁྲི་འཛིན་གྱིས་ རྫོང་ཁག་དེ་ནང་ ཁག་འབག་གི་ རིན་བསྡུར་ཚུ་ ཚུལ་དང་མཐུནམ་སྦེ་ འདྲ་མཉམ་དང་ དྲང་བདེན་མ་འགྱོ་བའི་ དོགས་པ་ཡོད་ལུགས་ཀྱི་ སྙན་ཞུ་ཕུལ་བའི་ཤུལ་ལུ་ རྫོང་ཁག་ཚོགས་འདུའི་ ཞིབ་དཔྱད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ གནད་དོན་དེ་གི་སྐོར་ འཕྲལ་མགྱོགས་ར་ ཞིབ་དཔྱད་མཐིལ་ཕྱིན་འབད་ནི་སྦེ་ གྲོས་ཐག་བཅད་ཅི།
རྫོང་ཁག་ནང་ ལཱ་འབད་མི་ ཁག་འབགཔ་དག་པ་ཅིག་གིས་ ཉོགས་བཤད་ཡི་གུ་བཙུགས་མི་དེ་ རྫོང་ཁག་བཟོ་སྐྲུན་ཚོགས་པའི་ཁྲི་འཛིན་ རྡོ་རྗེ་ལས་སྐྱིད་ཀྱིས་སྦེ་ རྫོང་ཁག་ཚོགས་འདུའི་ནང་ ཞུ་མི་དང་འཁྲིལཝ་ད་ ཁག་འབགཔ་དག་པ་ཅིག་གིས་ རིན་བསྡུར་ནང་ ལན་ཐེངས་ག་དེམ་ཅིག་ར་ བཅའ་མར་གཏོགས་ཏེ་འབད་རུང་ ལཱ་རྩ་ལས་ར་ ཐོབ་མ་ཚུགས་མི་དེ་ཡང་ ཁག་འབགཔ་ལ་ལུ་ཅིག་གིས་ བཟོ་རིག་སྡེ་ཚན་གྱི་ འགོ་དཔོན་ཚུ་དང་གཅིག་ཁར་ མཐུན་ལམ་བཟོ་ཐོག་ལས་ ལཱ་འབད་དོ་ཡོད་པའི་ དོགས་པ་སྦོམ་འདུག་ཟེར་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ ལོ་ངོ་༣ ལྷགཔ་ཅིག་གི་ཧེ་མར་ གླིང་མི་ཐང་ཁྲོམ་ཁར་ གློག་མེ་བཙུག་ནིའི་དོན་ལུ་ རིན་བསྡུར་ཡིག་ཆ་ཚུ་ཚངམ་སྦེ་ ཁག་འབགཔ་ཕུད་རྡོག་གཅིག་ལུ་མ་གཏོགས་ ཁག་འབགཔ་གཞན་ཚུ་ལུ་ མ་སྤྲོད་ནི་དེ་གིས་ རིན་བསྡུར་བསྐྱར་འཛུགས་ཀྱི་ གསལ་བསྒྲགས་འབད་ཡོད་རུང་ ཚད་འཛིན་རིན་བསྡུར་ཐོག་ལས་ ཁག་འབགཔ་༡ ལུ་ར་ ལཱ་སྤྲོད་ཡོད་པའི་སྐོར་ ཉོགས་བཤད་ཡི་གུ་བཙུགས་མི་དང་འཁྲིལ་ ཞིབ་དཔྱད་འབད་ནུག།
དེ་འབདཝ་ད་ མ་འོངས་པ་ལུ་ བྱ་སྟབས་མ་བདེཝ་མི་འཐོན་ནིའི་དོན་ལུ་ ལམ་ལུགས་སྒྲིང་སྒྲིང་སྦེ་ ལག་ལེན་འཐབ་སར་ རྩ་ལས་ར་ མཐོང་གསལ་མ་བྱུང་ཟེར་ ཉོགས་བཤད་ཡི་གུའི་ནང་ གསལ་བཀོད་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཤེལ་རི་མུ་ཧུང་རྒེད་འོག་ གསེར་གཞོང་ལུ་ གློག་མེ་བཙུག་ནིའི་ལཱ་ཡང་ གླིང་མི་ཐང་ལུ་འབད་མི་ ཁག་འབགཔ་དེ་ལུ་ར་ ཚད་འཛིན་རིན་བསྡུར་ཐོག་ལས་ སྤྲོད་མི་དེ་ཡང་ བཟོ་རིག་འགོ་དཔོན་ཚུ་དང་གཅིག་ཁར་ མགུ་མཐུད་དེ་འབད་བའི་ དོགས་པ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཡ་སྡི་ཁྲོམ་ཁར་ འཐུང་ཆུ་བཏོན་ནི་གི་ ལཱ་དེ་ཡང་ ལོ་༢ ཀྱི་ཧེ་མར་ ཁག་འབགཔ་སོ་སོ་ཅིག་ལུ་ སྤྲོད་མི་དེ་ མཇུག་བསྡུ་མ་ཚུགསཔ་ལས་ར་ ཉམས་བཅོས་འབད་ནིའི་དོན་ལུ་ ལཱ་ཚུ་ཡང་ ཧེ་མར་ གླིང་མི་ཐང་ཁྲོམ་ཁར་ གློག་མེ་བཙུགས་མི་ ཁག་འབགཔ་དེ་ལུ་ར་ སྤྲོད་ནུག་ཟེར་ཨིནམ་ད་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ འཐུང་ཆུ་དེ་ ཡ་སྡི་ཁྲོམ་ཁར་ མ་ལྷོད་པར་ཡོད་ཟེར་ཨིན་པས།
བཟོ་སྐྲུན་ཚོགས་པའི་ ཁྲི་འཛིན་གྱིས་འབད་བ་ཅིན་ ཁག་འབགཔ་ཚུ་གིས་ ཉོགས་བཤད་བཀོད་མི་ཚུ་ལུ་ ཞིབ་དཔྱད་འབད་དེ་ རྫོང་ཁག་ཚོགས་འདུ་དང་ རིན་བསྡུར་ཚོགས་ཆུང་གི་ འགོ་འཛིན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཐོག་ལས་ ངན་ལྷད་ཀྱི་ ལཱ་བྱ་དར་ཁྱབ་མི་འགྱོ་ནིའི་དོན་ལུ་ ལམ་ལུགས་སྒྲིང་སྒྲིང་བཟོ་དགོཔ་འདུག་ཟེར་ཨིན་པས།
རྫོང་ཁག་བཟོ་རིག་འགོདཔོན་ ཚེ་རིང་དངོས་གྲུབ་ཀྱིས་འབད་བ་ཅིན་ ད་ཚུན་གྱི་བར་ན་ རིན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ལུ་ དྲང་བདེན་དང་ འདྲ་མཉམ་ཐོག་ལས་ར་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ཞིབ་དཔྱད་འབད་རུང་ ཚུལ་མཐུན་གྱི་ ཡིག་ཆ་ཚུ་ ཕུལ་ཆོག་ཆོ་ཡོད་ཟེར་ཨིནམ་ད་ གལ་སྲིད་ ཁག་འབགཔ་ཚུ་གིས་ ཉོགས་བཤད་བཀོད་མི་ཚུ་ ངེས་བདེན་ཨིན་པ་ཅིན་ ཞིབ་དཔྱད་གནང་དགོཔ་འོང་ཟེར་ རྫོག་ཁག་ཚོགས་འདུའི་ནང་ ཞུ་ཡོད་པའི་གནས་ཚུལ།

བདེ་ཆེན་ཚེ་རིང།

No comments:

Post a Comment