གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒེར་གྱི་མཐོ་རིམ་སློབ་གྲྭ་ གཞི་བཙུགས་ཀྱི་དོན་ལུ་ ཁྲིམས་དང་ལམ་སྟོན་དཔེ་དེབ།

༩/༥/༢༠༡༢

༉ ད་ལས་ཕར་ རྒྱལ་ཁབ་ནང་ སྒེར་གྱི་མཐོ་རིམ་སློབ་གྲྭ་གསརཔ་ གཞི་བཙུགས་འབད་མི་ཚུ་གི་དོན་ལུ་ ཤེས་རིག་ལྷན་ཁག་འོག་གི་ ན་ལོན་དང་འཕྲོ་མཐུད་ཤེས་ཡོན་འཆར་གཞི་ལས་ཁུངས་ཀྱིས་ ཁྲིམས་དང་ལམ་སྟོན་དཔེ་དེབ་ཅིག་ བཟོ་ཚར་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ མཐོ་རིམ་སློབ་གྲྭའི་ གདམ་ཁ་ཐེབས་ འཐོབ་ཚུགས་ནི་ཨིན་པས།


ཁྲིམས་དང་ལམ་སྟོན་དང་འཁྲིལཝ་ད་ མཐོ་རིམ་སློབ་གྲྭ་གསརཔ་ གཞི་བཙུགས་འབད་ནི་ལུ་ སྤྲོ་བ་ཡོད་མི་ཚུ་གིས་ དང་པ་ར་ རང་སོའི་ དང་འདོད་ཡོད་ལུགས་ཀྱི་སྐོར་ལས་ ལས་ཁུངས་ལུ་ ཡི་གུ་བཙུག་དགོཔ་ཨིནམ་ད་ གལ་སྲིད་ ཁྱད་ཆོས་ཚང་པ་ཅིན་ ལས་འགུལ་གྱི་སྙན་ཞུ་ ཁ་གསལ་ཚུ་ བཙུག་དགོཔ་ཨིནམ་ད་ སྙན་ཞུ་དེ་ཡང་ འོས་འབབ་ལྡན་ཏོག་ཏོ་སྦེ་ མཐོང་པ་ཅིན་ ལས་ཁུངས་ཀྱི་ གནང་བའི་དོན་ལུ་ ཆེ་རིམ་ཤེས་ཡོན་བཀོད་ཚོགས་ནང་ བཙུག་ནི་ཨིན་པས།
གལ་སྲིད་ འཆར་གཞི་ཚུ་ བཀོད་ཚོགས་ཀྱིས་ གནང་བ་འགྲུབ་པ་ཅིན་ དེ་འཕྲོ་ལས་ དང་འདོད་ཅན་ཚུ་གིས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ཚུགས་ནི་དང་ དེ་བཟུམ་མའི་ དབྱེ་ཞིབ་ལམ་ལུགས་ཚུ་དང་འཁྲིལ་ཏེ་ འབད་དགོ་མི་དེ་ཡང་ དང་འདོད་ཡོད་མི་ཚུ་གིས་ མཐོ་རིམ་སློབ་གྲྭ་ཚུ་ ག་ཐོབ་སྦེ་ གཞི་བཙུགས་འབད་མི་བཅུག་ནི་དང་ ཤེས་ཡོན་ཚུ་ སྤུས་ཚད་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ཨིན་པས།
ན་ལོན་དང་ མཐོ་རིམ་ཤོས་ཡོན་ལས་འཁུངས་ཀྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ མའི་ན་ ཁར་ཀ་གིས་འབད་བ་ཅིན་ གནང་བ་འཐོབ་ཞིནམ་ལས་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་པའི་ མཐོ་རིམ་སློབ་གྲྭ་ཚུ་དང་ མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་ཚུགས་ནི་ཨིན་རུང་ ཕྱིའི་རྒྱལ་ཁབ་ཀྱི་ མཐོ་རིམ་སློབ་གྲྭ་ཚུ་ཡང་ ཁོང་རའི་རྒྱལ་ཁབ་དང་ ཤེས་རིག་ལྷན་ཁག་གིས་ ངོས་འཛིན་འབད་མི་ཚུ་ དགོ་ཟེར་ཨིན་པས།
མ་གཞི་ ལོ་༡ དེ་ཅིག་གི་ ཧེ་མ་ལས་ སྒེར་གྱི་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནིའི་དོན་ལུ་ སྤྲོ་བ་བསྐྱེད་མི་༣ གྱིས་ ཞུ་ཡིག་ཚུ་ ལས་ཁུངས་ནང་ བཙུགས་ཡོདཔ་ཨིན་རུང་ སྒེར་གྱི་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་ཀྱི་དོན་ལུ་ ཁྲིམས་ལུགས་དང་ ལམ་སྟོན་མེད་མི་ལུ་བརྟེན་ ངོས་ལེན་འབད་མ་ཚུགས་ཟེར་ཨིན་པས།
ལས་ཁུངས་ཀྱི་ འཆར་གཞི་འགོ་དཔོན་ བཅོ་ལྔ་གིས་འབད་བ་ཅིན་ ལས་ཁུངས་ཀྱིས་ཐོབ་མི་ ཞུ་ཡིག་ཚུ་ ཚར་གཅིག་ བཀོད་ཚོགས་ནང་བཙུགས་ཏེ་ བསྐྱར་ཞིབ་འབདཝ་ད་ བཀོད་ཚོགས་ཀྱིས་ ཁྲིམས་ལུགས་དང་ལམ་སྟོན་དེ་དང་ ཚུལ་མཐུན་བཟོ་ཐོག་ལས་ ལོག་སྟེ་ བཙུགས་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ ད་རེས་ ཞུ་ཡིག་ཚུ་ ལོག་སྟེ་ ལེན་པའི་བསྒང་ཡོདཔ་མ་ཚད་ དང་འདོད་བསྐྱེད་མི་ གཞན་ཡང་ འཐོན་པའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞུ་ཡིག་ཚུ་གི་ཐོག་ལུ་ ལས་ཁུངས་ཀྱིས་ གཞི་རྟེན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ འཕྲལ་མགྱོགས་ར་ བཀོད་ཚོགས་ནང་ བཙུག་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ལམ་སྟོན་དང་ཁྲིམས་ལུགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནིའི་དོན་ལུ་ སློབ་གྲྭའི་སློབ་སྦྱོང་གི་ དབྱེ་བ་དང་འཁྲིལ་ཏེ་ གཞི་རྟེན་མཁོ་ཆས་ཚུ་ ག་ར་ཤོང་པའི་ ས་ཆ་ཨེ་ཀར་༡༥ དགོ་ནི་དང་ ལས་ཁུངས་ནང་ རང་སོའི་ དང་འདོད་ཡིག་ཆ་ཚུ་ བཙུག་པའི་སྐབས་ལུ་ ས་ཆའི་ལག་ཁྲམ་ཚུ་ཡང་ ཟུར་སྦྲགས་འབད་ བཙུག་དགོཔ་ཨིན་པས།
དེ་བཟུམ་སྦེ་ ལས་འགུལ་གྱི་ ཚོད་དཔག་ཟད་འགྲོ་ཚུ་དང་ མི་སྟོབས་ རང་བཞིན་གནས་སྟངས་ཀྱི་ ཉོགས་མེད་ལག་ཁྱེར་ སློབ་ཕྲུག་བཙུག་ནི་དང་ སློབ་གཉེར་གྲོགས་རམ་གྱི་ ཁྱད་ཆོད་ཚུ་ཡང་ གསལ་བཀོད་འབད་དེ་ བཙུག་དགོཔ་ཨིན་པས།
མའི་ན་ ཁར་ཀ་གིས་འབད་བ་ཅིན་ དེ་བཟུམ་མའི་ སྒེར་གྱི་ མཐོ་རིམ་སློབ་གྲྭ་ཚུ་ གཞི་བཙུགས་འབད་དགོ་མི་དེ་ཡང་ རྒྱལ་ཁབ་ཀྱི་ གཞི་རིམ་ཤེས་ཡོན་དང་འཁྲིལཝ་ད་ ཆེ་རིམ་ཤེས་ཡོན་གྱི་གོ་སྐབས་ཚུ་ དགོས་མཁོ་ཆེཝ་སྦེ་ ཐོན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིནམ་ད་ མཐོ་རིམ་སློབ་གྲྭ་ཚུ་ནང་ དཔེ་ཆ་ལྷབ་ནི་ལུ་ དང་འདོད་སྐྱེད་མི་ཚུ་གི་དོན་ལུ་ འཐུས་ཚུ་ཡང་ འགོ་ཐོག་ ཤེས་རིག་ལྷན་ཁག་གིས་ ཚད་གཞི་བཟོ་ནི་དང་ ཤུལ་ལས་ བསྒྱུར་བཅོས་འབད་དགོ་པའི་སྐབས་ལུ་ ལྷན་ཁག་གི་ ལམ་སྟོན་དང་འཁྲིལ་དགོ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment