གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ངོ་༤༠༠ ལྷགཔ་ཅིག་ལང་རུང་ ཉམས་གསོ་ཞུ་མ་ཚུགས་པར་ཡོདཔ།

༡༠/༥/༢༠༡༢

ཉམས་གསོ་ཞུ་རན་མི་ དབང་འདུས་རྩེ་ལྷ་ཁང་།
༉ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ རྒྱལ་ཁབ་ནང་ ས་ཡོམ་རྐྱབ་པའི་སྐབས་ ལོ་ངོ་༤༤༥ ལང་མི་ ཐིམ་ཕུ་དབང་འདུས་རྩེ་ལྷ་ཁང་ལུ་ ཉམས་སྐྱོན་སྦོམ་རྐྱབ་མི་དེ་ འཕྲལ་མགྱོགས་ར་ ཡུ་ཨེསི་ཌོ་ལར་ས་ཡ་༢ ཀྱི་ཐོག་ལས་ ཉམས་གསོ་ཞུ་ནི་ཨིན་པས།


ནང་སྲིད་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ཉམས་གསོ་ལཱ་དོན་ལུ་ མ་དངུལ་གྱི་ གྲོགས་རམ་འབད་ནི་ཟེར་ ཁས་བླངས་འབད་མི་ རོ་ཊེ་རི་ ཀ་ལབ་ཟེར་མི་ རྒྱལ་སྤྱིའི་གཞུང་མིན་ཚོགས་པ་གིས་ ལྷ་ཁང་ཉམས་གསོའི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༢ བྱིན་ནིའི་སྐོར་ལས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ འབྲུག་རྒྱལ་ཁབ་འདི་ ཚོགས་པའི་འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་སྐབས་ ཁ་བཟེད་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གལ་སྲིད་ གཞུང་མིན་ཚོགས་པ་གིས་ མ་དངུལ་གྱི་ གྲོགས་རམ་མ་བྱིན་རུང་ གཞུང་གིས་ ངེས་པར་དུ་ ཉམས་གསོ་ཞུ་དགོ་ཟེར་ཨིནམ་ད་ ཉམས་གསོའི་དོན་ལུ་ དངུལ་ཀྲམ་ས་ཡ་༥༠ བཞག་སྟེ་ཡོད་ཟེར་ཨིནམ་ད་ གཞུང་མིན་ཚོགས་པ་གིས་བྱིན་པ་ཅིན་ གཞུང་གི་ཧོངས་ལས་ ཟད་འགྲོ་གཏང་མི་དགོ་ནི་མས་ཟེར་ཨིན་པས།



ས་ཡོམ་རྐྱབ་པའི་སྐབས་ སྦོག་སོང་མི་ ལྡེབས་རིས་ཚུ།



ད་རེས་ དགོན་པའི་ཕྱོགས་༤ ཆ་རའི་གྱང་ལུ་ གག་འགྲམ་ཐོན་ནི་དེ་གིས་ རང་བཞིན་གྱི་རྐྱེན་ངན་ཚུ་ འབྱུང་པ་ཅིན་ རམ་འགྱོ་སག་སག་སྦེ་ཡོད་པའི་ཁར་ ལྷ་ཁང་གི་ནང་ན་ ས་དང་རྡོ་ཚུ་ ས་ཁར་བུད་དེ་ ཐལཝ་གིས་གང་ཡོདཔ་ད་ ལྡེབས་རིས་ཚུ་ཡང་ ཉམས་སྐྱོན་དུམ་གྲ་རེ་ ཤོར་ཡོདཔ་ཨིན་རུང་ སྐུ་རྟེན་གསུང་རྟེན་ཚུ་ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུང་ཟེར་ དཀོན་གཉེར་རྡོ་རྗེ་ཚེ་རིང་གིས་ སླབ་ཨིན་པས།
ལྷ་ཁང་དེ་ ཁྱད་པར་ཅན་ཅིག་སྦེ་ བརྩི་དགོ་མི་དེ་ཡང་ ཞབས་དྲུང་འཇིགས་མེད་གྲགས་པ་གིས་ བཀའ་སྲུང་མགོན་པོའི་བསྙེན་སྒྲུབ་གནང་སྟེ་ ལོ་༣ བཞུགས་ཡོདཔ་མ་ཚད་ ད་རེས་ སྟེང་ཐོག་གི་སྒྲུབ་ཁང་ནང་ དཔལ་ལྡན་འབྲུག་པའི་བཀའ་སྲུང་ མགོནམ་ལྕམ་དྲལ་གསུམ་གྱི་ སྐུ་འདྲ་ཚུ་ཡོདཔ་ཨིན་པས།
འབྲུག་རྒྱལ་༥ པ་མཆོག་ ཀྲོར་གསར་དཔོན་སློབ་ཀྱི་ བདག་འགན་བཞེས་བཞུགས་པའི་སྐབས་ མགོན་ཁང་ནང་ རྫོང་ཁག་༢༠ ཀྱི་གནས་བདག་དང་ བཀའ་སྲུང་གི་སྐུ་འདྲ་༣༢ ལྷགཔ་ཅིག་ བཞེངས་གནངམ་ལས་ཚུར་ ལྷ་ཁང་དེ་ རྒྱལ་ཁབ་ཀྱི་ མགོན་ཁང་གཙོ་ཅིག་ལུ་གྱུར་ཡོདཔ་ད་ རིང་ཚད་ཕིཊ་༡ དེ་ཅིག་འབད་མི་ གནས་བདག་གི་སྐུ་འདྲ་ཚུ་ མགོནམ་ལྕམ་དྲལ་གསུམ་གྱི་ གཡས་གཡོན་ལུ་ བཞེངས་ཡོདཔ་ཨིན་པས།
དཀོན་གཉེར་རྡོ་རྗེ་ཚེ་རིང་གིས་འབད་བ་ཅིན་ དགོན་པ་དེ་ནང་ ད་རེས་ སེམས་རྟོགས་ཁ་ལུ་ཡོད་མི་ ནང་པའི་སྐད་ཡིག་དང་ ལམ་སྲོལ་སློབ་གྲྭ་དེ་ ཞིང་གཤེགས་དམ་པ་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ འགོ་དང་པ་ དབང་འདུས་རྩེ་ལུ་ འགོ་བཙུགས་གནངམ་ལས་ གཞན་དང་མ་འདྲ་བའི་ བྱིན་ཅན་ཅིག་ ཨིན་ཟེར་ཨིན་པས།
ཁོ་གི་ཚ་གྱང་གཞན་ཡང་ ལྷ་ཁང་ནང་ ལོ་བསྟར་བཞིན་དུ་ རང་ཟླ་༦ པའི་ཚེས་༢༢ ལས་ འགོ་བཙུགས་ཏེ་ བདུན་ཕྲག་༡ གི་རིང་ གནང་སྲོལ་ཡོད་མི་ བཀའ་སྲུང་གི་གསོལ་ཁ་དེ་ ལྷ་ཁང་གི་ཕྱི་ཁར་ གུར་སྤུབས་ཏེ་ གནང་དགོཔ་འཐོན་ནི་མས་ཟེར་ཨིནམ་ད་ གསོལ་ཁ་དེ་ རྒྱལ་ཁབ་ཀྱི་སྐུ་རིམ་ཨིནམ་ལས་ ཆད་མི་བཏུབ་ཟེར་ཨིན་པས།
རྡོ་རྗེ་ཚེ་རིང་གིས་ བཤད་མིའི་ནང་ དབང་འདུས་རྩེ་དགོན་པ་དེ་ དབང་འདུས་ཕོ་བྲང་ ཤར་རུས་པའི་ས་ལས་ བླམ་བསྟན་འཛིན་དོན་གྲུབ་ཀྱིས་ གདན་ས་བཅགས་གནང་བའི་ཤུལ་ལས་ སྤྱི་ལོ་༡༥༦༧ ལུ་ ཐིམ་ཕུ་ཝང་སི་སི་ནང་ལས་ སྡེཔ་ཇོ་བོ་ཟེར་མི་གིས་ ཁོ་ར་ བཞུགས་སའི་ཕོ་བྲང་སྦེ་ བཞེངས་ནུག་ཟེར་ཨིན་པས།
དེ་ལས་ དུས་རབས་༡༦ པའི་ནང་ དབང་འདུས་རྩེ་དེ་ རྫོང་གོངམ་ཟེར་ སྡེཔ་བཞུགས་པའི་སྐབས་ དེའི་འོག་ལུ་ཡོད་པའི་ བདེ་ཆེན་ཕོ་བྲང་གྲྭ་ཚང་དེ་ རྫོང་འོགམ་ཟེར་ གྲྭ་པའི་སྡེ་བཙུགས་ཏེ་ སྡེཔ་གིས་དབང་སྡོད་པའི་བར་ན་ ཁོ་ར་ སྤ་རོ་རྫོང་ཁག་གི་ དགེ་སློང་ཚུ་གིས་ དཀྲོངས་པའི་ཤུལ་ལས་ ཐོག་ཚད་༦ འབད་མི་ རྫོང་གི་དབུ་རྩེ་དེ་ཡང་ ཐོག་ཚད་༣ ལུ་ཕབ་ནུག་ཟེར་ཨིན་པས།
ལྷ་ཁང་གི་ ནང་རྟེན་གཙོ་བོ་ རིང་ཚད་ཕིཊ་༡༢ དེ་ཅིག་འབད་མི་ སྟོན་པའི་སྐུ་འདྲ་བྱིན་ཅན་དེ་ ནེ་པཱལ་ལས་ སྦསཔ་པན་རྩི་བདེཝ་གིས་ བཞེངས་ཡོདཔ་མ་ཚད་ སྟོན་པའི་གཡས་དང་གཡོན་ལུ་ རིང་ཚད་ཕིཊ་༡༥ རེ་འབད་མི་ བདེ་གཤེགས་མཆོད་རྟེན་༨ ཡང་ བཞེངས་ཡོདཔ་ཨིན་པས།
ཙན་དན་དམརཔོ་གིས་བཞེངས་མི་ མཆོད་རྟེན་ཚུ་ ཟངས་དམར་གུ་ གསེར་སྒྲོན་ཏེ་ཡོདཔ་ད་ དཀོན་གཉེར་གྱིས་འབད་བ་ཅིན་ མཆོད་རྟེན་དེ་ཚུ་ རྒྱལ་ཁབ་ནང་ ཙན་དན་དམརཔོ་ལས་བཞེངས་མི་ མཆོད་རྟེན་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་འོང་ཟེར་ཨིན་པས།

དབང་འདུས་རྩེ་དགོན་པ་དེ་ ཐིམ་ཕུ་བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ལས་ ཁ་ཡར་བལྟ་སྟེ་ དུས་ཡུན་སྐར་མ་༣༠ དེ་ཅིག་ རྐང་ཐང་སྦེ་ འགྱོ་དགོ་པའི་ས་ཁར་ ཆགས་ཡོདཔ་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment