གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆང་བི་ཡར་ ནང་འདྲེན་བཀག་དམ་འབད་རུང་ ཕུན་ཚོགས་གླིང་ལུ་ལྷོད་ཡོདཔ།

༡༠/༥/༢༠༡༢

ཅ་དམ་གྱིས་ བི་ཡར་གྱི་ དོས་ཚུ་ལུ་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ དོས་ཊཱག་ཚུ་ ཐོགས་ལུས་ནུག།


༉ འབྲུག་ནང་འཁོད་ལུ་ ཆང་བི་ཡར་ནང་འདྲེན་འབད་ནི་ཚུ་ གནས་སྐབས་ཅིག་ བཀག་དམ་འབད་ཡོད་མི་ལུ་བརྟེན་ སྤྱི་ཟླ་༥ པའི་ཚེས་༦ ལུ་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཆང་བི་ཡར་སྣུམ་འཁོར་ཊཱག་དོས་༡༤ ཕུག་ཚོགས་གླིང་གི་ ཅ་དམ་ཞིབ་དཔྱད་སྒོ་ར་ཁར་ གསལ་སྟོན་འབད་ནི་ལུ་ ལུང་ཕྱོགས་ཅ་དམ་ལས་ཁུངས་ཀྱིས་ ངོས་ལེན་འབད་མ་བཏུབ་ཨིན་པས།


དེ་འབདཝ་ད་ འབྲུག་ལུ་ཡོད་མི་ ཆང་བི་ཡར་གྱི་ ཚོང་འབྲེལ་ངོ་ཚབ་ཚུ་གིས་ དེ་སྦེ་ བཀག་དམ་འབད་ཡོདཔ་ཨིནམ་ མ་ཤེས་ཟེར་ སླབ་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་ཚུན་གྱི་བར་ན་ ཅ་དམ་ལས་ཁུངས་ཀྱི་ ཁ་ཐུག་ལས་ བི་ཡར་དོས་ཚུ་ བཀྲམ་སྤེལ་བ་ཚུ་གིས་ ལོག་འབག་དགོཔ་ཨིན་ན་ ཡང་ཅིན་ ནང་འདྲེན་ལུ་ ངོས་ལེན་འབད་དེ་ འབྲེལ་ཡོད་ཚོང་འབྲེལ་ངོ་ཚབ་ཚུ་གིས་ ས་ཁོངས་ནང་ བསྐྱལ་བཅུག་ནི་ཨིན་ན་ ད་ལྟོ་ ག་ནི་ཡང་ ཐག་བཅད་བཅདཔ་མེདཔ་ལས་ དོས་འབག་མི་ སྣུམ་འཁོར་ཊཱག་ཚུ་ ལུང་ཕྱོགས་ཅ་དམ་ཡིག་ཚང་གི་ ས་ཁོངས་ནང་ར་ བཞག་སྟེ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ལྷོད་དེ་ ཉིནམ་༥ ལང་མི་ ཊཱག་གི་དེད་གཡོགཔ་ཚུ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ ཅ་དམ་འགོ་དཔོན་ཚུ་གི་ གྲོས་ཆོད་ལུ་ སྒུག་སྟེ་ཡོདཔ་མ་ཚད་ བཏུབ་མི་བཏུབ་ཀྱི་ ངོས་ལེན་གང་མགྱོགས་གནང་དགོ་པའི་ ཞུ་བ་ཕུལ་ཏེ་ཡོད་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ ཚོང་འབྲེལ་ངོ་ཚབ་༤ གི་དོན་ལུ་ སི་ཀིམ་ལས་ ནང་འདྲེན་འབད་མི་ ཤོག་སྒྲོམ་རེ་ལུ་ ཤེལ་དམ་༡༢ རེ་ཡོད་མི་ བི་ཡར་ཧིཊ་ཤོག་སྒྲོམ་༧༠༠ དང་ ཕཱོསི་ཊར་བི་ཡར་ཤོག་སྒྲོམ་༡༡,༡༥༠ ཡོདཔ་ད་ བི་ཡར་ཚུ་ སི་ཀིམ་ལས་ འབྲུག་ལུ་ འབག་འོངམ་ད་ ཉིནམ་༡ དང་ ཧ་རི་ཡ་ན་ལས་ ཉིན་གྲངས་༥ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
ན་འཐན་དབུགས་འགམ་མི་ སི་ཀིམ་དང་ ཧ་རི་ཡ་ན་ལས་ཨིན་མི་ དེད་གཡོགཔ་ཚུ་གིས་ ཁོང་ལུ་ སྔ་གོང་ལས་ བཀག་དམ་གྱི་སྐོར་ལས་ བརྡ་དོན་སྤྲོད་ཡོད་པ་ཅིན་ བི་ཡར་དོས་ཚུ་ འབག་མ་འོངམ་འོང་ཟེར་ བཤད་ཡོདཔ་ད་ ང་བཅས་ཆ་ཁྱབ་ ཁྱིམ་ནང་ནམ་ལོག་འགྱོ་ཚུགས་ག་ཟེར་ ཚང་གྱང་ལང་སྟེ་ཡོད་ཟེར་ སི་ཀིམ་གྱི་ དེད་གཡོགཔ་ཅིག་གིས་ བཤདཔ་ཨིན་པས།
ཚོང་འབྲེལ་ངོ་ཚབ་ཀྱིས་ འབྲུག་ལུ་ འདི་བཟུམ་མའི་ ལམ་ལུགས་ཡོད་པའི་སྐོར་ སླབ་སླབ་མེདཔ་ལས་ ཁོང་གི་ འཛོལ་བ་ཨིན་ཟེར་ ཧ་རི་ཡ་ནའི་ དེད་གཡོགཔ་ཅིག་གིས་ བཤདཔ་ཨིན་པས།
ཚོང་འབྲེལ་ངོ་ཚབ་ཅིག་གིས་འབད་བ་ཅིན་ བཀག་དམ་གྱི་སྐོར་ལས་ ཁོང་ལུ་ བརྡ་སླབ་སླབ་མེད་རུང་ སྤྱི་ཟླ་༥ པའི་ཚེས་༤ ལུ་ ཅ་དམ་ལས་ཁུངས་ལས་ གསལ་བསྒྲགས་ཅིག་ ཐོབ་པའི་བསྒང་ལས་ བི་ཡར་གྱི་ དོས་འབག་མི་ སྣུམ་འཁོར་ཊཱག་ཚུ་ འགྲུལ་སྐྱོད་འབད་བའི་བསྒང་ཨིན་ཟེར་ཨིནམ་ད་ གཞུང་གིས་ བི་ཡར་ནང་འདྲེན་བཀག་འཛིན་འབད་ནི་ཟེར་ སླབ་མ་གཏོགས་ ནམ་འབད་ནི་ཨིན་ན་ རྩ་ལས་ར་ སླབ་སླབ་མེད་ཟེར་ ཚོང་འབྲེལ་ངོ་ཚབ་གཞན་ཅིག་གིས་ བཤདཔ་ཨིན་པས།
ད་རུང་ ཚོང་འབྲེལ་ངོ་ཚབ་གཞན་ཅིག་གིས་ སླབ་མིའི་ནང་ ཁོང་གི་ཁ་ཐུག་ལས་ ཁྲིམས་ལུགས་ལུ་ ཆ་གནས་ཡོདཔ་ཨིན་རུང་ ད་ལྟོ་ འོང་འབབ་དང་ ཅ་དམ་ལས་ཁུངས་ལུ་ ད་རིས་མཐའན་མཇུག་སྦེ་ བཀྲིན་བསྐྱང་གནང་ཟེར་ གསོལཝ་བཏབ་དོ་ཟེར་ཨིན་པས།
ཕུན་ཚོགས་གླིང་ ལུང་ཕྱོགས་ཚོང་འབྲེལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ བཀག་དམ་གྱི་སྐོར་ལས་ སྤྱི་ཟླ་༣ པའི་ཚེས་༢༦ དང་ སྤྱི་ཟླ་༤ པའི་ཚེས་༦ ལུ་ བརྡ་བརྒྱུད་ནང་ ལན་ཐེངས་༢ གསལ་བསྒྲགས་འབད་ཡོདཔ་མ་ཚད་ ཁྱབ་བསྒྲགས་ཀྱི་འདྲ་ཅིག་ འོང་འབབ་དང་ ཅ་དམ་ལས་ཁུངས་ལུ་ བསྐྱལ་བའི་ཁར་ བསྟན་རྒྱས་བློན་པོ་དང་ དངུལ་རྩིས་བློན་པོ་༢ ཕུན་ཚོགས་གླིང་ལུ་ བྱོན་པའི་སྐབས་ལུ་ཡང་ ཚོང་འབྲེལ་ངོ་ཚབ་ཚུ་ལུ་ གོ་བརྡ་སྤྲོད་ཡོདཔ་ལས་ ཁོང་ལུ་ གོ་རྟོགས་མེད་ཟེར་ སླབ་ནི་གི་ འོས་འབབ་མེད་ཟེར་ཨིན་པས།
ཚོང་འབྲེལ་འགོ་དཔོན་གྱིས་འབད་བ་ཅིན་ གསལ་བསྒྲགས་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ཐོན་པའི་ཤུལ་ལུ་ ཕྱི་རྒྱལ་ལས་ ནང་འདྲེན་བཀག་དམ་ཨིན་ཟེར་ གསལ་བཀོད་འབད་ཡོད་རུང་ ཆང་བི་ཡར་དེ་ ཉེར་མཁོའི་ཅ་ཆས་གྲངས་སུ་ མ་ཚུད་ནི་དེ་གིས་ བི་ཡར་ནང་འདྲེན་འབད་མ་ཆོགཔ་སྦེ་ ཁོང་ལུ་ སླབ་ཅི་ཟེར་ཨིན་པས།
གསལ་བསྒྲགས་མ་འབད་བའི་ཧེ་མར་ གནང་བའི་ཡི་གུ་༣༠༠ དེ་ཅིག་ སྤྲོད་ཚར་མི་ཚུ་ལུ་ཡང་ ནང་འདྲེན་མ་འབད་ཟེར་ སླབ་ཡོདཔ་ཨིན་པས།
ཅ་དམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ བི་ཡར་ནང་འདྲེན་འབད་ནི་ཚུ་ ཚོང་འབྲེལ་ལས་ཁུངས་ཀྱིས་ ཁྱབ་བསྒྲགས་མ་འབད་ཚུན་ཚོད་ མཚམས་འཇོག་འབད་ཡོདཔ་ལས་ གསལ་སྟོན་ལུ་ ཅ་དམ་གྱི་ ཁ་ཐུག་ལས་ ངོས་ལེན་འབད་ཐབས་མེད་རུང་ དོས་དེ་ཚུ་ ཕུན་ཚོགས་གླིང་ལུ་ ལྷོད་ཚར་ཡོདཔ་ལས་ ག་དེ་སྦེ་ འབད་ནི་ཨིན་ན་ གྲོས་བསྟུན་འབད་འོང་ཟེར་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment