གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒོང་རྡོག་གི་གོང་ཚད་ མར་བབས་སོང་རུང་ བྱའི་ཨ་བ་ལུ་བརྟེན་ འོང་འབབ་ཀྱི་ཐབས་ཤེས་གསརཔ།

ཟླ་༣ པའི་ཚེས་༢༤། ༡༤/༥/༢༠༡༢

བཙོང་ནིའི་དོན་ལུ་ ཕད་ཙེ་ནང་འདེགས་བཞག་མི་ བྱའི་ཨ་བ་ཚུ།
༉ མོང་སྒར་ ཧུ་རུང་སྤང་ལུ་ བྱ་གསོ་སྐྱོང་ཁང་ཅིག་གཞི་བཙུགས་འབད་མི་གིས་ འདས་པའི་ལོ་ཚུ་ནང་བཟུམ་སྦེ་ སྒོང་རྡོག་ལུ་བརྟེན་ འོང་འབབ་སྦོམ་སྦེ་ར་བཟོ་མ་ཚུགས་རུང་ ད་རེས་ནངས་པར་ འོང་འབབ་ཀྱི་ཐབས་ལམ་ཅིག་དེ་ བྱ་གསོ་སྐྱོང་ཁང་ལས་ཐོན་པའི་ བྱའི་ཨ་བ་ཚུ་ཚོང་འབྲེལ་འཐབ་སྟེ་ མ་དངུལ་བཟོཝ་ཨིན་པས།


དེ་ཡང་ བྱའི་ཨ་བ་ཚུ་ བྱ་གསོ་སྐྱོང་ཁང་གི་ ཉེ་འདབས་ལུ་ཡོད་པའི་ མི་སེར་སོ་ནམ་པ་དང་ སློབ་གྲྭའི་ཚོད་བསྲེ་ལྡུམ་ར་གི་དོན་ལུ་ དེ་ལས་ ཝེངས་ཁར་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཚུ་ནང་ ལག་ལེན་འཐབ་དོན་ལུ་ ཉོ་འབག་དོ་ཡོདཔ་ལས་ བྱ་གསོ་སྐྱོང་ཁང་དེ་ར་ ལེགས་ཤོམ་སྦེ་འཛིན་སྐྱོང་འཐབ་ཚུགས་པ་ཅིན་ བྱའི་ཨ་བ་ལས་འགོ་བཟུང་སྟེ་ དངུལ་གྱི་འོང་འབབ་བཟོ་སའི་གཞི་གནས་ངོ་མ་ཅིག་ཨིན་མི་ལུ་བརྟེན་ སེམས་དགའ་ཡོདཔ་ཨིན་པས།
བྱ་གསོ་སྐྱོང་ཁང་ལས་ཐོན་མི་འི་ཨ་བ་ ཕད་ཙེ་རེ་ནང་ ཀེ་ཇི་༦༠ རེ་འབད་མི་ལུ་ རིན་གོང་དངུལ་ཀྲམ་༦༠ རེ་སྦེ་བཙོང་དོ་ཡོདཔ་ཨིན་རུང་ སྦུང་ཚང་སྦེ་ ཕད་ཙེ་༢༠ ལས་ལྷག་སྟེ་ཉོ་མི་ཚུ་ལུ་ ཕད་ཙེ་རེ་ལུ་ དངུལ་ཀྲམ་༥༠ རེ་སྦེ་ གོང་ཚད་མར་ཕབ་འབད་དེ་ བཙོང་དོ་ཡོདཔ་ལས་ འདས་པའི་ཟླཝ་༣ གྱི་ནང་འཁོད་ལུ་ བྱའི་ཨ་བ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༢༤,༠༠༠ དེ་ཅིག་བཟོ་ཚུགས་མི་དེ་ཡང་ བྱའི་ཨ་བ་ཕད་ཙེ་༤༠༠ དེ་ཅིག་ བཙོང་ཚུགས་ནི་དེ་གིས་ཨིན་པས།
བྱའི་ཁང་མིག་༩ ཡོད་མིའི་ནང་ བྱམོ་༢,༥༠༠ ཡོད་པའི་ཁར་ བྱ་གསོ་སྐྱོང་ཁང་དེ་ སྤྱི་ལོ་༢༠༡༠ ལུ་སྒོ་ཕྱེ་ཡོད་རུང་ བྱའི་ཨ་བ་ཚུ་ ཚོང་འབྲེལ་འཐབ་ནི་དེ་ དུས་ཅི་འགོ་དང་པ་འགོ་བཙུགས་ཡོདཔ་ཨིན་པས།
ཁང་མིག་ནང་ བྱའི་ཨ་བ་ སྟུག་ཚད་ཕིཊ་ཕྱེད་དང་༢ དེ་ཅིག་ཡོདཔ་བཞིན་དུ་ ད་རེས་ དེ་ཚུ་ཕྱི་ཁར་བཏོན་ཐོག་ལས་ ཚོང་འབྲེལ་འཐབ་དོ་ཟེར་ འཛིན་སྐྱོང་པ་ རྡོ་རྗེ་དབང་ཕྱུག་གིས་ བཤད་པའི་ཁར་ ཁོ་གིས་འབད་བ་ཅིན་ ད་རུང་ ཕད་ཙེ་༡༠༠ དེ་ཅིག་འཐོན་ནི་ཨིན་པའི་ཁར་ ཕྱི་ཁར་ཡང་ ཕད་ཙེ་༡༠༠ དེ་ཅིག་ཡོད་ཟེར་ ཁོ་གིས་བཤདཔ་ཨིན་པས།
བྱ་གསོ་སྐྱོང་ཁང་གི་ སྦོ་ལོགས་ཁར་ཡོད་མི་ སོ་ནམ་ཞིང་པ་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་གི་ལྡུམ་ར་ནང་ འདས་པའི་ལོ་ཚུ་ནང་ ལུད་གཞན་བླུགས་ཏེ་ ཚོད་བསྲེ་ག་ཅི་འཛུགས་སྐྱོང་འཐབ་རུང་ ཚོད་བསྲེ་ལེགས་ཤོམ་ཅིག་ རྩ་ལས་ར་ སྐྱེ་མ་བཏུབ་ཟེར་ཨིནམ་ད་ དུས་ཅི་འབད་བ་ཅིན་ ཁོ་གིས་ རིན་གོང་དངུལ་ཀྲམ་༣༠༠ དེ་ཅིག་སྤྲོད་ཐོག་ལས་ བྱའི་ཨ་བ་ཕད་ཙེ་༥ དེ་ཅིག་ཉོ་སྟེ་ བླུགས་ཡི་ཟེར་ཨིན་པས།
ཆ་གླིང་གཡུས་ཚན་ལས་ སྐྱེས་ལོ་༣༥ ལང་མི་ སོ་ནམ་པ་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ བྱའི་ལུད་ཐོབ་ནི་མེད་པ་ལུ་བརྟེན་ ཚོད་བསྲེ་ཚུ་ལེགས་ཤོམ་སྦེ་ སྐྱེ་མ་ཚུགས་རུང་ དུས་ཅི་ལས་ ཁོ་གིས་ ཨེ་མའི་ལྡུམ་ར་ནང་ བྱའི་ཨ་བ་བླུགས་མི་ལུ་བརྟེན་ ཐོན་ཤུགས་ཚུ་ ལོག་ལྟབ་ཀྱིས་ ཡར་དྲག་སོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ རྒྱ་གར་ལས་ཐོན་མི་ཚོད་བསྲེ་ཚུ་ བཀག་ཆ་འབད་ནི་ ལ་སོགས་པའི་གནས་ཚུལ་ ཁྱབ་ཆེར་འགྱོཝ་དང་འབྲེལ་ ད་ལས་ཕར་ རང་སོའི་གཡུས་སྒོ་ཚུ་ནང་ ཚོད་བསྲེ་ཚུ་ ཡར་དྲག་གཏང་སྟེ་ རང་མགོ་རང་འདྲོངས་བཟོ་དགོ་པ་ཅིན་ དེ་བཟུམ་གྱི་ རང་བཞིན་གྱི་ལུད་ཚུ་བླུགས་ཏེ་ སོ་ནམ་ཐོན་སྐྱེད་ གོང་འཕེལ་གཏང་ཚུགས་ནི་ཨིནམ་ལས་ ཤུལ་ལས་འབད་རུང་ དེ་ཚུ་ལག་ལེན་འཐབ་སྟེ་ ཚོད་བསྲེ་གི་ལཱ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཟེར་ཨིན་པས།
བྱ་གསོ་སྐྱོང་ཁང་གི་ འཛིན་སྐྱོང་པ་གིས་འབད་རུང་ རྒྱལ་ཁབ་ནང་ ཡུན་བརྟན་གྱི་ཐོག་ལས་ སོ་ནམ་ཐོན་སྐྱེད་ ཡར་དྲག་གཏང་དགོ་པ་ཅིན་ རང་བཞིན་གྱི་ལུད་ཚུ་ བླུགས་ནི་དེ་གལ་ཆེཝ་ལས་ དེ་བཟུམ་གྱི་ ལུད་བླུགས་ཏེ་ ས་བཅུད་མཉམ་ཏོག་ཏོ་བཞག་ཚུགས་ནི་དང་གཅིག་ཁར་ ཐོན་སྐྱེད་ཡང་ ཡར་དྲག་གཏང་ཚུགས་ནི་ཨིནམ་ལས་ མི་སེར་སོ་ནམ་པ་ཚུ་གིས་འབད་རུང་ ལག་ལེན་འཐབ་ནི་ལུ་ དང་འདོད་བསྐྱེད་དགོ་ཟེར་ ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment