གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་འབྲེལ་གྱི་དོན་ལུ་ ཆུ་ཞིང་ཚུ་ སྟོངམ་སྦེ་བཞག་དོ་ཡོདཔ།



གཞུང་གིས་ ཁོང་རའི་དོན་ལུ་ཨིན་པ་ཅིན་ ཆུ་ཞིང་ཚུ་ནང་ཡང་ སྒྲིང་ཁྱིམ་ཚུ་ རྐྱབ་མས་ཟེར་ སྐྱོན་བརྗོད་འབདཝ་མས།


ས་བཅུད་ལྡན་པའི་ དབང་འདུས་ལུང་གཤོང་གི་མཐོང་སྣང་།
༉ ཧེ་མ་འབད་བ་ཅིན་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་གི་ འཁོར་ལམ་བདའ་སྟེ་ འགྲུལ་སྐྱོད་འབད་བའི་སྐབས་ དམིགས་བསལ་དུ་ གནམ་སེར་ཁའི་དུས་ཚོད་ལུ་ སྔོ་ལྗང་དང་ལྡན་པའི་ བྱཱ་ཞིང་ཚུ་ནང་ མི་སེར་ཚུ་ལཱ་འབད་དེ་ སྡོད་སར་མཐོང་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ གནས་སྟངས་དེ་ བསྒྱུར་བཅོས་སོང་ཡོདཔ་ཨིན་པས།


ད་རེས་ བྱཱ་ཞིང་ཚུ་ནང་ སྒྲིང་ཁྱིམ་ལེ་ཤ་ཅིག་ར་ བཟོ་སྐྲུན་འབད་ཡོདཔ་མཐོང་པའི་ཁར་ ས་བཅུད་ལྡན་པའི་ བྱཱ་ཞིང་ལ་ལུ་ཅིག་ དེ་སྦེ་ར་ སྟོངམ་སྦེ་བཀོག་བཞག་མི་དེ་ཡང་ གཙོ་བོ་ར་ ཆུ་ཞིང་ཚུ་ནང་ ཁྱིམ་རྐྱབ་ནིའི་དོན་ལས་ སྐམ་ཞིང་ལུ་ བསྒྱུར་བཅོས་འབད་ནིའི་ དམིགས་གཏད་བསྐྱེད་མི་ ལེ་ཤ་ཐོན་མི་ལུ་བརྟེན་ཏེ་ཨིན་པས།
སོ་ནམ་ལྷན་ཁག་ལས་ཐོབ་མི་ གནས་སྡུད་ཅིག་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ལུ་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ ཐིམ་ཕུ་ དར་དཀར་ནང་ རྩི་རང་ གསར་སྤང་ སྤ་རོ་ བསམ་རྩེ་ ལྷུན་རྩེ་ བཀྲིས་གཡང་རྩེ་ པདྨ་དགའ་ཚལ་ དེ་ལས་ ཆུ་ཁ་རྫོང་ཁག་ཚུ་ནང་ལས་ བསྡོམས་ཀྱིས་ ཆུ་ཞིང་ཨེ་ཀར་༡༦༩.༥ བསྒྱུར་བཅོས་འབད་ནིའི་དོན་ལུ་ ཞུ་བ་འབད་མི་ཚུ་ལས་ ཨེ་ཀར་༥༥.༣༧ ལུ་ གནང་བ་གྲུབ་ཡོདཔ་ད་ ལྷག་ལུས་ཨེ་ཀར་༡༡༤.༡༣ ཆ་མེད་བཏང་ནུག།
སྤྱི་ལོ་༢༠༡༠ ལུ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་ བཀྲིས་གཡང་རྩེ་ སྤ་རོ་ ཐིམ་ཕུ་ སྤུ་ན་ཁ་ ལྷུན་རྩེ་ ཆུ་ཁ་ དར་དཀར་ནང་ དབང་འདུས་ཕོ་བྲང་ གསར་སྤང་ དེ་ལས་ རྩི་རང་ཚུ་ནང་ལས་ ས་ཆ་ཨེ་ཀར་༡༩༢ ཐོན་མི་ལས་ ཨེ་ཀར་༤༥.༤༥ བསྒྱུར་བཅོས་འབད་ཡོདཔ་ད་ ཨེ་ཀར་༡༡༩.༤༦ ཆ་མེད་བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༩ ལུ་ རྫོང་ཁག་༡༠ ལས་ བསྡོམས་ཀྱིས་ ཆུ་ཞིང་ཨེ་ཀར་༡༩༡.༦༧ བསྒྱུར་བཅོས་འབད་དགོཔ་སྦེ་ ཞུ་བ་འབད་མི་ཚུ་ལས་ ཨེ་ཀར་༧༠.༢༩ ལུ་ གནང་བ་བྱིན་ཏེ་ གཞན་མི་ཨེ་ཀར་༡༢༡.༣༨ ཆ་མེད་བཏང་ཡོདཔ་ཨིན་པས།
སོ་ནམ་ལས་ཁུངས་ཀྱི་མདོ་ཆེན་ བཙན་སྐྱོགས་ནོར་བུ་གིས་འབད་བ་ཅིན་ དབང་འདུས་ཕོ་བྲང་དང་ སྤུ་ན་ཁ་རྫོང་ཁག་ཚུ་ནང་ གློག་མེ་ལས་འགུལ་ཚུ་ལུ་བརྟེན་ བྱ་སྟབས་མ་བདེཝ་ སྦོམ་ཡོདཔ་ཨིན་རུང་ གལ་སྲིད་ མི་སེར་ཚུ་གིས་ ཁྲིམས་ལུགས་ལག་ལེན་འཐབ་མི་ཚུ་དང་ མཉམ་འབྲེལ་ལེགས་ཤོམ་འབད་བ་ཅིན་ མི་སྡེ་ལུ་ གནོད་སྐྱོན་སྦོམ་མི་བྱུང་ཟེར་ཨིན་པས།
དེ་མེན་པའི་ ས་གནས་གཞན་ཚུ་གི་ཐད་ཁར་ལྷོདཔ་ད་ འབྲུག་གི་ ས་ཆ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལ་ གལ་སྲིད་ བཟའ་ཚང་ཅིག་གིས་དབང་བའི་ ས་ཆ་ནང་ རང་སྡོད་སའི་ ཁྱིམ་རྐྱབ་ནིའི་དོན་ལུ་ སྐམ་ཞིང་གཞན་ རྩ་ལས་མེད་པ་ཅིན་ ས་ཆ་ཌིསི་༥༠ རེ་ བསྒྱུར་བཅོས་འབད་དེ་ བྱིན་སྲོལ་ཡོདཔ་ཨིན་རུང་ ལམ་ལུགས་དེ་གིས་ ཁྲིམས་ལུགས་ལག་ལེན་འཐབ་མི་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རེ་ཚེ་སྐབས་ ཐོན་སྐྱེད་ལེགས་ཤོམ་མེད་མི་དང་ ཞིང་ཆུ་ལེགས་ཤོམ་མེད་པའི་ ཆུ་ཞིང་ཚུ་འབད་བ་ཅིན་ ས་ཆ་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ སྐམ་ཞིང་སྦེ་ བསྒྱུར་བཅོས་འབད་ནི་ལུ་ ངོས་ལེན་འབད་དོ་ཡོདཔ་ཨིན་རུང་ གལ་སྲིད་ ཆུ་ཞིང་དེ་ ས་ཁོངས་ལེགས་ཤོམ་དང་ ཐོན་སྐྱེད་ཆེ་དྲགས་འབད་བ་ཅིན་ བསྒྱུར་བཅོས་འབད་ནི་ལུ་ ངོས་ལེན་འབད་ནི་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་ཞིང་ཚུ་ ཚོང་འབྲེལ་གྱི་དོན་ལས་ སྐམ་ཞིང་ལུ་ བསྒྱུར་བཅོས་འབད་མི་ལུ་བརྟེན་ གློག་མེ་འཕྲུལ་ཁང་ཚུ་ལུ་ཡང་ གནོད་སྐྱོན་འབྱུང་འོང་ཟེར་ཨིན་པས།
དེ་ཡང་ ཆུ་ཞིང་ཚུ་ དེ་སྦེ་ར་བཞག་པ་ཅིན་ ཆུ་ཞིང་སྤྱོད་ནིའི་དུས་ཚོད་དེ་ ཆར་ཆུའི་དུས་ལུ་ཨིནམ་ལས་ གློག་མེ་འཕྲུལ་ཁང་ཚུ་ལུ་ གནོད་སྐྱོན་མི་འབྱུང་ནི་ཨིན་རུང་ གལ་སྲིད་ ཆུ་ཞིང་ཚུ་ བསྒྱུར་བཅོས་འབད་དེ་ ཚོང་འབྲེལ་གྱི་ ཁྱིམ་ཚུ་རྐྱབ་པ་ཅིན་ དེ་ནང་ འཐུང་ཆུ་ལ་སོགས་པ་ཚུ་ དུས་ཨ་རྟག་ར་ ལག་ལེན་འཐབ་སྟེ་ར་ སྡོད་དགོ་ནི་དེ་གིས་ གློག་མེ་བཟོ་སྐྲུན་ལུ་ ཐོ་ཕོག་ནི་ཨིནམ་མ་ཚད་ མི་སྡེའི་ནང་ ཧེ་མ་ལས་ཡོད་པའི་ ཐོན་ཁུངས་ཚུ་ལུ་ཡང་ གནོད་སྐྱོན་འབྱུང་འོང་ཟེར་ཨིན་པས།
མི་སེར་ཁོང་རང་གིས་ ཆུ་ཞིང་ཚུ་ སྐམ་ཞིང་ལུ་ བསྒྱུར་བཅོས་འབད་དགོ་པའི་ ཞུ་བ་འབད་བའི་སྐབས་ སྲིད་བྱུས་གུ་བཀལ་ཏེ་ གནང་བ་མི་བྱིན་དོ་ཡོདཔ་ཨིན་རུང་ ཁོང་ར་ གཞུང་གི་དོན་ལུ་ ལཱ་ཚུ་འབད་དགོཔ་ཐོན་པའི་སྐབས་ བཀག་ཆ་ག་ཅི་ཡང་མེད་པར་ བསྒྱུར་བཅོས་འབད་དེ་ སྒྲིང་ཁྱིམ་ཚུ་ རྐྱབ་མས་ཟེར་ ཁ་བཏང་དོ་ཡོདཔ་ཨིན་རུང་ དེ་ལུ་ བཙན་སྐྱོགས་ནོར་བུ་གིས་འབད་བ་ གཞུང་གིས་ ལཱ་ག་ཅི་ར་འབད་རུང་ མི་སྡེ་ལུ་ ཕན་ཐོགས་ཚུགས་པའི་ དམིགས་གཏད་བསྐྱེད་དེ་ འབད་དོ་ཡོདཔ་ལས་ མི་སེར་གྱིས་ མཉམ་འབྲེལ་འབད་དགོཔ་འོང་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment