གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྟོ་ཐོབ་སློབ་གྲྭ་ཚུ་ ཚོད་བསྲེ་ནང་འདྲེན་བཀག་དམ་ལུ་ཚ་གྱང་།

༡༢/༠༥/༡༢
སློབ་གྲྭ་ཚུ་གི་དོན་ལུ་ ཚོད་བསྲེའི་གོང་ཚད་ཚུ་ རིན་བསྡུར་ཐོག་ལས་ ག་དེ་ཉུང་ཉུང་རྐྱབ་སྟེ་ཡོདཔ་ལས་ གལ་སྲིད་ ནང་འདྲེན་བཀག་དམ་འབད་བ་ཅིན་ གོང་ཚད་ཡར་སེང་འགྱོ་ནི་ཨིནམ་ལས་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ཨིན་པས།
བུམ་ཐང་བདེ་སྐྱིད་གླིང་ལུ་ འཛུགས་སྐྱོང་འབད་མི་ ཚོད་བསྲེ་ཚུ།
༉ ཤུལ་མའི་བདུན་ཕྲག་ནང་ལས་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཚོད་བསྲེའི་རིགས་ཚུ་ བཀག་དམ་ཐོག་ རྒྱལ་ཁབ་ནང་འཁོད་ལས་ ཐོན་སྐྱེད་འབད་ནིའི་ ཐབས་བྱུས་ཚུ་ བཏོན་དོ་ཡོད་མི་དེ་ལུ་ བུམ་ཐང་རྫོང་ཁག་ ཚོད་བསྲེ་ཚོགས་པ་ཚུ་གིས་འབད་བ་ཅིན་ ཚོད་བསྲེའི་རིགས་ དག་པ་ཅིག་ལས་བརྒལ་ ཐོན་སྐྱེད་འབད་ཚུགས་པའི་ འོས་འབབ་མེད་ཟེར་ སླབ་ཨིན་པས།

དེ་ཡང་ ལྕམ་མཁར་ལུ་ རང་བཞིན་ལུད་ཀྱི་ཐོག་ལས་ ཚོད་བསྲེའི་རིགས་འཛུགས་སྐྱོང་འབད་མི་ མི་སེར་སྡེ་ཚན་གྱིས་འབད་བ་ཅིན་ ལམ་ལུགས་དེ་གིས་ སྤྱིར་བཏང་ གནས་ཚུལ་བཟང་པོ་ཅིག་ཨིན་རུང་ ནང་འཁོད་ལུ་ འཛུགས་སྐྱོང་འབད་དེ་ ཐོན་སྐྱེད་ཉུང་སུ་ཅིག་ལས་མེད་མི་དེ་ ཚོད་བསྲེ་ཚུ་ནང་ རང་བཞིན་གྱི་ལུད་རྐྱངམ་གཅིག་ ལག་ལེན་འཐབ་ནི་དེ་གིས་ཨིནམ་ད་ དེང་སང་ལུགས་ཀྱི་ སྨན་རིགས་གཞན་བླུགས་ཏེ་ འཛུགས་སྐྱོང་འབད་མི་དང་ཕྱདཔ་ད་ ཟླཝ་ལས་བཅད་དེ་ དུས་ཡུན་རིངམོ་སྦེ་ འགོར་དོ་ཡོདཔ་ལས་ ཉོ་སྤྱོད་པའི་མཁོ་འདོད་ཚུ་ ག་དེ་སྦེ་སྒྲུབ་ཚུགས་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
བདེ་སྐྱིད་གླིང་ ཀུན་ཕན་རང་བཞིན་ཚོད་བསྲེ་ཚོགས་པའི་འཐུས་མི་ ཚེ་རིང་དཔལ་ལྡན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོད་བསྲེ་ནང་འདྲེན་བཀག་ཐབས་ཀྱི་ གནས་ཚུལ་གོ་བའི་ཤུལ་ལུ་ རྫོང་ཁག་སོ་ནམ་ལས་ཁུངས་ཀྱིས་ གྲོགས་རམ་ཐོག་ལས་ ཚོགས་པའི་ཚོད་བསྲེའི་ས་ཆ་ཚུ་ རྒྱ་བསྐྱེད་འབད་དེ་ འཛུགས་སྐྱོང་འཐབ་ཡོདཔ་ཨིན་རུང་ ད་རེས་ཀྱི་ཟླཝ་ནང་ ཚོད་བསྲེ་ ལ་ཕུག་དམརཔོ་དང་ ཀོ་པི་གི་རིགས་ དེ་ལས་ འོད་སུ་ཚུ་མ་གཏོགས་ ཐོན་སྐྱེད་འབད་མི་ཚུགས་ནི་མས་ཟེར་ཨིན་པས།
ཚོགས་པ་གིས་ ཚོད་བསྲེ་ཚུ་ཁྲོམ་ཁར་བཙོངམ་ད་ གོང་ཚད་ཚུ་ རྒྱ་གར་ལས་ཐོན་མི་ ཚོད་བསྲེ་དང་དབྱེ་བ་མེདཔ་སྦེ་ བཙོངམ་ཨིན་རུང་ བྱ་དཀར་སློབ་གྲྭ་གོང་མ་གིས་ གོང་ཚད་ཉུང་སུ་སྦེ་བཀོད་མི་ལུ་བརྟེན་ སློབ་གྲྭ་ནང་ བཀྲམ་སྤེལ་འབད་ནི་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།
རང་བཞིན་གྱི་མལ་ལུད་བླུགས་ཏེ་ ཚོད་བསྲེ་འཛུགས་སྐྱོང་འབད་མི་གིས་ དུས་ཚོད་ཡུན་རིངམོ་འགོརཝ་མ་ཚད་ འབུབ་ཀྱིས་ཡང་ གནོདཔ་བཀལཝ་མས་ཟེར་ མོ་གིས་བཤདཔ་ཨིན་པས་།
དེ་དང་འདྲཝ་སྦེ་ རྒྱལ་མཁར་ སེམས་མཐུན་རང་བཞིན་ཚོགས་པ་གིས་ དུས་ཅི་ལས་ ས་ཆ་རྒྱ་བསྐྱེད་འབད་ཐོག་ལས་ ཚོད་བསྲེ་གི་རིགས་ འཛུགས་སྐྱོང་འབད་ཡོདཔ་མ་ཚད་ རྒྱུན་མ་ཆད་པར་ ཐོན་ཚུགས་ཐབས་ལུ་ ཀེ་བ་ཚུ་ ཟླཝ་སྔ་ཕྱི་གོ་རིམ་སྦེ་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ བསོད་ནམས་རིན་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་འཐུས་མི་དྲུག་གིས་ ས་ཆ་ཨེ་ཀར་ཕྱེད་དང་གཉིས་ནང་ ཚོད་བསྲེ་ཚུ་ བཙུགས་ཏེ་ཡོད་རུང་ ད་རེས་ཀྱི་ ཟླ་མཇུག་ཁམས་ལུ་ ཚོད་བསྲེ་དག་པ་ཅིག་ལས་བརྒལ་ ཐོན་མི་ཚུགས་པས་ཟེར་ཨིན་པས།
ཚོགས་པ་གཉིས་ཀྱིས་ ཚོད་བསྲེ་ཚུ་མང་ཤོས་ར་ ཁྲོམ་སྡེའི་ ཟ་ཁང་དང་ མགྱོན་ཁྱིམ་གྱི་ ཚོང་འབྲེལ་བ་ཚུ་ལུ་ བཙོངམ་ཨིན་རུང་ དུས་ཅི་ལས་ ཁྲོམ་ཁར་ཡང་ ག་དེ་མང་མང་ བཙོང་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ དགེ་སློང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མ་ལས་ཡོད་པའི་ ཚོད་བསྲེ་ཚོགས་པའི་གུ་ལུ་ ད་རུང་ ཆུ་སྨད་ལུ་ ཚོགས་པ་གསརཔ་ འགོ་བཙུགས་ཡོདཔ་ལས་ ཁྲོམ་ཁར་ ཚོད་བསྲེ་ལངམ་སྦེ་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
གཞུང་གི་སྲིད་བྱུས་དང་འཁྲིལ་ཏེ་ རྒྱལ་ཁབ་ནང་འཁོད་ལས་ ཚོད་བསྲེ་ལངམ་སྦེ་ འཐོབ་ཚུགསཔ་བཟོ་ནི་གི་དོན་ལུ་ ལས་ཁུངས་ཀྱིས་ རྒེད་འོག་ཚུ་ནང་ལས་ཕར་ ཀེ་བའི་སོན་དང་ ལག་ཆ་ཚུ་ སྟོང་པར་སྦེ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
སྲིད་བྱུས་དེ་ མི་མང་གིས་ ལེགས་ཤོམ་ཡོད་པའི་ ངོས་ལེན་འབདཝ་ཨིན་རུང་ གཞུང་གི་ལྟོ་ཐོབ་སློབ་གྲྭ་ཚུ་ལུ་ ཐོ་སྦོམ་ཕོག་ནི་ཨིན་མི་དེ་ཡང་ ཚོད་བསྲེ་ཚུ་ལངམ་སྦེ་ ཐོབ་མ་ཚུགས་པའི་ ཚ་གྱང་ཡོདཔ་ཨིན་པས།
ཨུ་ར་འབྲིང་རིམ་སློབ་གྲྭ་བར་མའི་དབུ་འཛིན་ བསོད་ནམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་གི་དོན་ལུ་ ཧེ་མ་ལས་ ཨུ་ར་གི་ཚོང་པ་ཅིག་ལུ་ ཁག་འབག་ཐོག་ བཀྲམ་སྤེལ་རིན་བསྡུར་འབད་དེ་ཡོདཔ་ལས་ ག་དེ་སྦེ་ཨིན་རུང་ ཐབས་ཤེས་ཁོ་ར་གིས་བཏོན་འོང་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཨུ་རའི་ལྡུམ་ར་ནང་གི་ཚོ་བསྲེ་ཚུ་ ད་ལྟོ་སྐྱེ་བའི་བསྒང་ཡོདཔ་ལས་ ད་རེས་ཀྱི་ཟླཝ་ནང་ ཐོན་ཚུགས་པ་ལཱ་ཁ་འོག་ནི་ཨིན་རུང་ བཀྲམ་སྤེལ་འབད་མི་ཁག་འབགཔ་གིས་ ཉེ་འདབས་ཀྱི་ རྫོང་ཁག་གཞན་ཚུ་ནང་ལས་ མཁོ་སྒྲུབ་འབད་ནི་གི་ འཆར་གཞི་འདུག་ཟེར་ཨིན་པས།
བྱ་དཀར་འབྲིང་རིམ་སློབ་གྲྭ་གོང་མའི་དབུ་འཛིན་ པདྨ་ཆོས་གྲུབ་ཀྱིས་ དེ་བཟུམ་མའི་ སྲིད་བྱུས་ཚུ་ ཧང་སྟོང་མར་འགོ་བཙུགསཔ་ད་ འབྲེལ་ཡོད་ལྷན་ཁག་གིས་ ལྟོ་ཐོབ་སློབ་གྲྭ་གི་ གནས་སྟངས་ཚུ་ལུ་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ཨིནམ་ད་ སློབ་གྲྭ་གིས་ ད་ལྟོའི་དཀའ་ངལ་དེ་ལུ་ ག་དེ་སྦེ་ གདོང་ལེན་འབད་ནི་ཨིན་ནའི་སྐོར་ལས་ གྲོས་བསྟུན་མ་འབད་ཟེར་ཨིན་པས།
ཁོ་གིས་ སྲིད་བྱུས་དང་འཁྲིལ་ཏེ་ ཚོད་བསྲེ་ནང་འདྲེན་བཀག་ཐབས་འབད་བའི་སྐབས་ ནང་འཁོད་ལས་འཐོན་ནི་དེ་ དཀོན་སུ་འོང་ནི་ཨིན་མི་ལུ་བརྟེན་ རང་བཞིན་གྱིས་ ཚོད་བསྲེ་གི་གོང་ཚད་ཚུ་ ཡར་སེང་སོང་སྟེ་ སློབ་གྲྭའི་ཨ་ལུ་ཚུ་ལུ་ ལྟོ་འཐུས་ཐོབ་མི་ མ་དངུལ་གྱིས་ ལང་མ་ཚུགསཔ་ད་ ཟད་བཅུད་ལུ་ཐོ་ཕོག་ནི་མས་ཟེར་ཨིན་པས།
སློབ་གྲྭའི་ནང་ ཨ་ལུ་༢༣༠ དེ་ཅིག་ལུ་ རྒྱུན་ཆད་མེད་པར་ ལྟོ་བྱིན་དགོ་མི་དང་ ནང་འདྲེན་བཀག་ཐབས་བྱུས་དང་འབྲེལ་བའི་ ནང་འཁོད་ཀྱི་ ཚོད་བསྲེ་གོང་ཚད་སྦོམ་གནས་མི་གིས་  དོ་འགྲན་སྦོམ་ར་ འབྱུང་ནི་མས་ཟེར་ཨིན་པས།
འབྱུང་ཉེན་ཡོད་པའི་ དཀའ་ངལ་བསལ་ཐབས་ལུ་ འབྲེལ་ཡོད་ལྷན་ཁག་ཚུ་གིས་ ཧེ་མ་ལས་ གོ་བརྡ་སྤྲོད་ཐོག་ལས་ གྲ་སྒྲིག་བཟོ་དགོཔ་དེ་ ག་ནི་བ་གལ་ཆེཝ་སྦེ་ སྡོད་ནུག་ཟེར་ ཁོ་གིས་ ཀུན་གསལ་ལུ་ བཤདཔ་ཨིན་པས།
དཀའ་ངལ་ཚུ་ བསལ་ཐབས་ལུ་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་ལས་ ཚོད་བསྲེ་སྣུམ་འཁོར་ ཌི་སི་ཨེམ་ཅིག་གང་འབག་འོང་ཡོདཔ་ཨིན་རུང་ ཡུན་རིང་ལུ་ དཀའ་ངལ་དེ་ འཐོན་ནི་ཨིནམ་ལས་ ད་ལྟོ་ལས་ ལས་བྱེདཔ་ཚུ་གིས་ ཉེ་འདབས་རྫོང་ཁག་ལས་ ཉོ་ནི་གི་འཆར་གཞི་བརྩམ་དོ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment