གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུའི་ཞིབ་དཔྱད་དང་འབྲེལ་བའི་ ཉེས་བྱ་ལག་ལེན་དང་ དོགས་དཔྱོད།

༡༢/༠༥/༡༢
རྒྱལ་ཡོངས་ཚོགས་སྡེ་གི་ ཏམ་ཁུ་འཐུང་སའི་ཁང་མེད།
 ༉ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་ གཞུང་གི་ཡིག་ཚང་༢ དང་ ཡིག་ཚང་གི་བཟའ་ཁང་ དེ་ལས་ སྒེར་གྱི་ཡིག་ཚང་གཅིག་གིས་ ཏམ་ཁུ་འཐུང་མི་ཆོག་ཟེར་བའི་ བརྡ་བྱང་མ་སྦྱར་མི་ལུ་བརྟེན་ ཉེས་བྱ་བཀལ་ཡོད་མི་ཚུ་ དུས་ཡུན་ཆུ་ཚོད་༢༤ གི་ནང་འཁོད་ལུ་ ལེན་ནི་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ ཡིག་ཚང་ནང་ ཏམ་ཁུ་འཐུང་སའི་ ས་ཁོངས་ཁང་མིག་བཟོ་ཡོད་མི་དེ་ ག་དེ་སྦེ་ཨིན་ན་ ད་ལྟོ་ཧ་གོ་མ་ཚུགསཔ་ཨིན་པས།

ཧང་སྟོང་མ་ ཞིབ་དཔྱད་འབད་མི་སྡེ་ཚན་ནང་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གི་འགོ་དཔོན་དང་ ཁྲིམས་སྲུང་འགག་པའི་འགོ་དཔོན་ འོང་འབབ་དང་ ཅ་དམ་འགོ་དཔོན་ ཐིམ་ཕུ་ཁྲོམ་སྡེའི་འགོ་དཔོན་ དེ་ལས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་ཡོདཔ་ཨིན་པས།
སྡེ་ཚན་དེ་གིས་ སྒེར་གྱི་ཡིག་ཚང་༡ དང་ ཏམ་ཁུ་འཐུང་སྡོད་མི་༦ ལས་ཉེས་བྱ་ དངུལ་ཀྲམ་༡༢,༥༠༠ དང་ ཡིག་ཚང་༣ ལས་ དངུལ་ཀྲམ་༣༠,༠༠༠ བསྡུ་ལེན་འབད་ནི་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ ཁྲིམས་དོན་འགོ་དཔོན་ བསོད་ནམས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉེས་བྱ་བཀལ་མི་ཚུ་གིས་ བདུན་ཕྲག་ཅིག་གི་ནང་འཁོད་ལུ་ སྤྲོད་པའི་ རེ་བ་ཡོད་ཟེར་ཨིན་པས།
འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མའི་ ལེའུ་གཉིས་པའི་ དོན་ཚན་༣ པའི་ག་པ་དང་འཁྲིལཝ་ད་ གཙུག་སྡེ་ སྒེར་སྡེ་ རྫོང་ དགོན་སྡེ་ འགྲེམས་སྟོན་ཁང་ གསོ་བའི་འཕྲོད་བསྟེན་ཁང་ ཤེས་ཡོན་སྤེལ་ཁང་ ཆོས་སྡེ་ སྦྱོང་བརྡར་ལྟེ་བ་དང་ ཉེ་འདབས་ཀྱི་ས་ཁོངས་ཚུ་ནང་ ཏམ་ཁུ་འཐུང་མི་ཆོག་ཟེར་བཀོད་དེ་ ཡོདཔ་ཨིན་པས།
དེ་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེའི་ཡིག་ཚང་ནང་ ཁང་མིག་ཆུང་ཀུ་ཅིག་ ཏམ་ཁུ་འཐུང་ཆོག་པའི་ས་ཁོངས་ བཟོ་ཡོད་མི་དེ་གི་སྐོར་ལས་ ཞིབ་དཔྱད་སྡེ་ཚན་གྱིས་ ཞལ་འཛོམས་ཅིག་འཚོགས་ཞིནམ་ལས་ གྲོས་ཐག་བཅད་ནི་ཟེར་ཨིནམ་ད་ ལམ་ལུགས་དེ་གི་སྐོར་ལས་ སྡེ་ཚན་དེ་གིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཡི་གུ་གཏང་ནི་ཟེར་ཨིན་པས།
དོན་ཚན་༩ པའི་ནང་ གསལ་བཀོད་འབད་མི་དེ་ བཟའ་ཁང་དང་ ཉལ་ཁང་ དེ་ལས་ སྤྲོ་སྟོན་ཁང་ཚུ་ནང་ཨིན་པ་ཅིན་ ཏམ་ཁུ་འཐུང་སའི་ ས་ཁོངས་ ངོས་འཛིན་འབད་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
བསོད་ནམས་ཚེ་རིང་གིས་ འབད་བ་ཅིན་ ཏམ་ཁུའི་བཅའ་ཁྲིམས་ནང་ ཏམ་ཁུ་འཐུང་ཆོག་པའི་ས་ཁོངས་དེ་ ག་ཏེ་ལུ་ ངོས་འཛིན་འབད་ཆོགཔ་ཨིན་ན་ གསལ་ཏོག་ཏོ་སྦེ་ བཀོདཔ་ལས་ གཙུག་སྡེ་དང་ ཡིག་ཚང་ཚུ་ནང་ ཏམ་ཁུ་འཐུང་སའི་ས་ཁོངས་ངོས་འཛིན་འབད་མ་ཆོགཔ་ཨིནམ་ དེ་གིས་ར་ ཧ་གོ་བས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གི་ ཁྲི་འཛིན་ ཀུན་ལེགས་ཚེ་རིང་གིས་ འབད་བ་ཅིན་ ཁོ་གིས་ ཁྲིམས་ལུགས་ཚུ་ག་ར་བལྟ་དགོཔ་ཡོད་མི་ལུ་བརྟེན་ དེ་གི་སྐོར་ལས་ དྭངས་གསལ་བཟོ་ནི་ལུ་ དུས་ཚོད་དགོ་ནི་མས་ ཟེར་ཨིན་པས།
ཞིབ་དཔྱད་སྡེ་ཚན་གྱིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ རྒྱལ་ཡོངས་ཚོགས་སྡེ་ནང་ ཏམ་ཁུ་འཐུང་ཆོག་པའི་ས་ཁོངས་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ གཞན་མི་ཡིག་ཚང་ཚུ་ནང་ཡང་ བཟོ་ཆོག་ནི་མས་ཟེར་ཨིན་པས།
ཁ་ཙ་ཉེས་བྱ་བཀལ་མི་ ཡིག་ཚང་ལ་ལུ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ཡིག་ཚང་ག་ཏེ་ར་འབད་རུང་ ནང་ན་ ཏམ་ཁུ་འཐུང་ནི་མེདཔ་ལས་ ཏམ་ཁུ་འཐུང་མ་ཆོག་པའི་ བརྡ་བྱང་སྦྱར་དགོཔ་ཅིག་ཡང་ མིན་འདུག་ཟེར་ཨིན་པས།
ད་རེས་ ཞིབ་དཔྱད་འགོ་དང་པ་འབད་མི་ལུ་བརྟེན་ དུམ་གྲ་ཅིག་སྒོ་ཡངས་ཀྱི་ཐོག་ལུ་སྦེ་ ཏམ་ཁུ་གི་འབྱོར་རྟགས་བཏོན་དགོཔ་སྦེ་ མ་སླབ་སྟེ་འབད་རུང་ ཤུལ་ལས་ འབྱོར་རྟགས་ཚུ་ ཡངས་ཆག་མེད་པར་ལེན་ནི་ཟེར་ བསོད་ནམས་ཚེ་རིང་གིས་ བཤདཔ་ཨིན་པས།

སྒེར་སྡེ་ནང་ ལཱ་འབད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཏམ་ཁུ་འཐུང་ཆོག་པའི་ས་ཁོངས་དེ་ བཟའ་ཁང་དང་ ཆང་ཁང་ དེ་ལས་ སྤྲོ་སྟོན་ཁང་ཚུ་ནང་ རྐྱངམ་གཅིག་ཨིན་པ་ཅིན་ ཏམ་ཁུ་འཐུང་དགོ་མནོཝ་ད་ ས་ཁོངས་དེ་ཚུ་ འཚོལ་འགྱོ་ནི་ཨིནམ་ལས་ རབ་ཏུ་བྱུང་པ་ཅིན་ ཡིག་ཚང་ཚུ་གི་ཉེ་འདབས་ལུ་ཡང་ ས་ཁོངས་ཚུ་ དགོཔ་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།

No comments:

Post a Comment