གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་སྡེ་ཚུ་ནང་ ཨིང་སྐད་ཀྱི་རྩ་གཞུང་ འགོ་བཙུག་ནི།

༡༠/༥/༢༠༡༢

༉ རྒྱལ་ཁབ་ཀྱི་དགོན་སྡེ་དང་ གྲྭ་ཚང་ དེ་ལས་ བཤད་གྲྭ་ཚུ་ནང་ ཨིང་སྐད་ཀྱི་ཆོས་ཚན་ རྩ་གཞུང་འགོ་བཙུག་ནིའི་དོན་ལུ་ འབྲུག་གི་ཆོས་སྡེ་ལྷན་ཚོགས་འོག་གི་ ཆོས་ཚན་རྩ་གཞུང་ཚོགས་ཆུང་གི་འཐུས་མི་ཚུ་དང་ ཤེས་རིག་ལྷག་ཁག་གི་བར་ན་ གསུང་གྲོས་གནང་ནི་ཨིན་པས།


ནང་སྲིད་ལྷན་ཁག་གི་ ལམ་སྲོལ་ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་ཚེ་རིང་གིས་འབད་བ་ཅིན་ ཨིང་སྐད་ཀྱི་རྩ་གཞུང་འགོ་བཙུགསཔ་ད་ སློབ་སྟོན་པ་དེ་ ཨིང་སྐད་ལེགས་ཤོམ་ཤེས་མི་དགོ་འདོད་ཡོད་མི་ལུ་བརྟེན་ ཤེས་རིག་ལྷན་ཁག་ནང་ཕྱག་ཞུ་མི་ སློབ་དཔོན་ཚུ་གིས་ སློབ་སྟོན་འབད་དགོ་ནི་ཨིནམ་ལས་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ གསུང་གྲོས་ཚུ་གནང་ནི་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ ཚོགས་ཆུང་གིས་ ལྷན་ཁག་ལུ་གྲོགས་རམ་འབད་གནང་ཟེར་ཞུ་ནི་ཨིནམ་ད་ དེ་ཡང་ གཞུང་གིས་ཆོས་སྡེ་ཚུ་ལུ་ ཟླ་རིམ་གྱི་དངུལ་ཕོགས་བྱིན་ཐོག་ལས་ ཨིང་སྐད་ཀྱི་སློབ་སྟོན་པ་ བཙུག་ཚུགས་པའི་ འོས་འབབ་མེད་ནི་དེ་གིས་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ ཚོགས་ཆུང་གིས་ རྩ་གཞུང་བརྩམ་ནི་དང་འབྲེལ་བའི་ལཱ་འབད་ནི་ལུ་ གྲོགས་རམ་དང་ རྒྱབ་སྐྱོར་ཚུ་འབད་ནི་མ་གཏོགས་ སློབ་དཔོན་དེ་ ཆོས་སྡེ་གིས་ འཛིན་སྐྱོང་འཐབ་དགོཔ་ཨིན་རུང་ སློབ་དཔོན་འཚོལ་ནིའི་དོན་ལུ་ ཚོགས་ཆུང་གིས་ཡང་ གྲོགས་རམ་འབད་ནི་ཟེར་ཨིན་པས།
དེ་བཟུམ་གྱི་སྲོལ་དེ་ གྲྭ་ཚང་ལ་ལུ་ཅིག་ནང་འབད་དོ་ཡོད་མི་དེ་ཡང་ དཔེ་འབད་བ་ཅིན་ ཐིམ་ཕུ་བདེ་ཆེན་ཕོ་བྲང་སློབ་གྲྭ་ནང་ སློབ་དཔོན་རེ་གཉིས་ཀྱིས་ ཁས་བླངས་ཐོག་ལས་ ཨིང་སྐད་ཀྱི་དཔེ་ཆ་སློབ་སྟོན་འབད་དོ་ཡོདཔ་ལས་ དེ་བཟུམ་གྱི་ཞབས་ཏོག་ཚུ་ གཞན་ཁར་ཡང་ འགོ་བཙུག་པ་ཅིན་ ལེགས་ཤོམ་ འོང་ནི་མས་ཟེར་ཨིན་པས།
ཆོས་སྡེ་ཚུ་ནང་ ཨིང་སྐད་ཀྱི་རྩ་གཞུང་འགོ་བཙུག་ནི་ལུ་ གཙོ་བོ་བཏོན་དགོ་མི་དེ་ ཆོས་སྒོར་བཞུགས་མི་ཚུ་ ཐོན་འགྱོ་མི་ལས་བཀག་ཐབས་འབད་ནི་དང་ ཆོས་སྡེ་ནང་འཛུལ་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ནིའི་ ཐབས་ཤེས་གསརཔ་ཅིག་ཨིན་རུང་ ཆོས་ཚན་དེ་ ག་དེ་སྦེ་ འགོ་བཙུག་ཚུགས་ག་ཟེར་བའི་ ཚ་གྱང་ཡང་ཡོདཔ་ཨིན་པས།
ཨིང་སྐད་ཀྱི་ ཆོས་ཚན་དགོ་པའི་གནད་དོན་སྐོར་ལས་ ཆོས་སྡེའི་གཙོ་འཛིན་ཚུ་གིས་ སྙན་ཞུ་འབད་མི་དང་འཁྲིལ་ རྩ་གཞུང་གི་དོན་ལུ་ ལཱ་འབད་དེ་ ལོ་༡ དེ་ཅིག་སོང་ཡོདཔ་ལས་ རྩ་གཞུང་དེ་ སང་ཕོད་ཀྱི་ལོ་འགོ་བཙུག་ཁམས་ཅིག་ཁར་ འགོ་བཙུག་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སྤྱིར་བཏང་ རྩ་གཞུང་འགོ་བཙུགས་རུང་ མཐའ་ཟུར་གྱི་ ཆོས་སྡེ་ལ་ལུ་ཅིག་ནང་ ཨིང་སྐད་ལྷབ་ཚུགས་པའི་ གོ་སྐབས་མེད་མི་ དེ་ཡང་ ཆོས་སྡེ་ལ་ལུ་ཅིག་ སློབ་གྲྭ་ལས་ཐག་རིང་བའི་ཁར་ ལ་ལུ་ཅིག་གིས་ ཨིང་སྐད་ཀྱི་སློབ་དཔོན་ ལེན་ཚུགས་པའི་ འོས་འབབ་མིན་འདུག་ཟེར་ཨིན་པས།
གཞལམ་སྒང་ལས་ ཆོས་སྡེ་གཙོ་འཛིན་ཅིག་གིས་སླབ་མིའི་ནང་ ཨིང་སྐད་ཀྱི་རྩ་གཞུང་སྟོན་མི་སློབ་དཔོན་དེ་ གཞུང་ལས་རྒྱབ་སྐྱོར་མ་གནང་པ་ཅིན་ རྩ་གཞུང་དེ་ འགོ་བཙུགས་ཚུགས་པ་ལཱ་ཁག་འོང་ཟེར་ཨིནམ་ད་ ད་ལྟོ་ གྲྭ་ཚང་ནང་ཡོད་པའི་དགེ་སློང་ཚུ་ལུ་ཡང་ ཆོས་གོས་དང་ ལྟོ་ཕོགས་ལེགས་ཤོམ་སྦེ་ བྱིན་ཚུགས་ནི་ལུ་ དཀའ་ངལ་ཐོན་བཞིན་དུ་ཡོདཔ་ལས་ ཨིང་སྐད་སྟོན་མི་ལུ་ དངུལ་ཕོགས་སྤྲོད་ཚུགས་ནི་དེ་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་རྙིང་མའི་ཆོས་སྡེ་ཚུ་གི་གྲས་ལས་ ཨིང་སྐད་ཀྱི་ཆོས་ཚན་ཡོད་མི་ དབང་འདུས་ཕོ་བྲང་ སྒང་སྟེང་དགོན་པ་དང་ བཀྲིས་སྒང་ བར་མཚམས་ཕྱག་རྡོར་ལྷ་ཁང་ དེ་ལས་ བུམ་ཐང་ མཁར་ཆུ་གྲྭ་ཚང་ཚུ་ནང་ཨིན་པས།
སྒང་སྟེང་དགོན་པའི་མཁན་པོ་ མི་འགྱུར་རྣམ་རྒྱལ་གྱིས་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ ཨིང་སྐད་ཀྱི་ཆོས་ཚན་ལྷབ་ནི་ལུ་ སྤྲོ་བ་སྦོམ་བསྐྱེདཔ་མས་ཟེར་ཨིནམ་ད་ སློབ་སྟོན་པ་དེ་ཡང་ ཕྱི་རྒྱལ་གྱིས་སྦྱིན་བདག་འབད་ཐོག་ལས་ འབྲུག་མི་ཅིག་ལུ་ ཟླ་རིམ་བཞིན་དུ་ དངུལ་ཕོགས་ དངུལ་ཀྲམ་༦,༠༠༠ རེ་སྤྲོད་དེ་ ཡོད་ཟེར་ཨིན་པས།
བར་མཚམས་ཕྱག་རྡོར་ལྷ་ཁང་ནང་འབད་བ་ཅིན་ སློབ་སྟོན་པ་དེ་ ཡུ་ཀེ་རྒྱལ་ཁབ་ནང་ལས་ཨིན་མི་ ཨམ་སྲུ་ཅིག་གིས་འབད་ སྟོན་དོ་ཡོདཔ་ད་ རྡོ་རྗེ་སློབ་དཔོན་བསོད་ནམས་ཀྱིས་འབད་བ་ཅིན་ དེ་བཟུམ་གྱི་ཐབས་ཤེས་མ་བཏོན་པ་ཅིན་ མཐའན་མཇུག་ལུ་ བཤད་གྲྭ་སྟོངམ་ཐོན་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ད་རེས་ ཨིང་སྐད་ཀྱི་རྩ་གཞུང་འགོ་བཙུགས་ཚུགས་མི་དེ་ ཆོས་སྡེ་སྒྲིང་སྒྲིང་ཡོད་མི་ཚུ་ནང་ རྐྱངམ་གཅིག་མ་གཏོགས་ ལྕོགས་གྲུབ་མེད་པའི་ཆོས་སྡེ་ཚུ་གིས་ རྩ་གཞུང་ཚུ་སློབ་སྟོན་འབད་ཚུགས་ནི་ལུ་ལཱ་ཁག་འོང་ནི་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ རྩ་གཞུང་གི་ཆོས་ཚན་ སློབ་སྟོན་གྱི་དོན་ལུ་ ཐབས་ཤེས་བཏོན་མི་དེ་ དགོན་སྡེ་ནང་ཡོད་པའི་སློབ་ཕྲུག་ཚུ་ལུ་ ཕན་ཐོགས་སྦོམ་ར་བྱུང་ཚུགས་པའི་རེ་བ་ལུ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment