གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ལས་མི་ཅིག་ ཆ་རོགས་རྟོག་མེད་གདོང་ཐུག་ཤི་རྐྱེན་གྱིས་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༡༠/༥/༢༠༡༢

༉ བཀྲིས་སྒང་ཁྲིམས་ཀྱི་འདུན་ས་ལས་ སྤྱི་ཟླ་༢ པའི་ཚེས་༢༧ གྱི་ཕྱི་རུ་ རྒྱ་གར་གྱི་མི་ཁུངས་ཅིག་ཨིན་མི་ ཀཱན་དུ་མཱུན་ད་གིས་ ཉམས་རྒུདཔ་གི་མགུ་ཏོ་གུ་ སྤག་ཤིང་བླུགས་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ལས་ ཁྲིམས་ཀྱི་དགོངས་དོན་དང་འཁྲིལཝ་ད་ དང་བླངས་མེན་པའི་རྟོག་མེད་གདོང་ཐུག་གི་ཉེས་ཁྲིམས་ ལོ་ངོ་༣ བཙོན་དུ་ ཡངས་ཆག་མེད་པར་སྨིན་དགོ་པའི་འཁྲུན་ཆོད་གནང་ཡོདཔ་ཨིན་པས།


བཙོན་ཁྲིམས་ལོ་ངོ་༣ ཕོག་མི་ རྒྱ་གར་ བཱག་ས་མངའ་སྡེ་ ཀུམ་རི་ཀ་ཊ་ལས་ སྐྱེས་ལོ་༣༥ ལང་མི་ ཀཱན་དུ་མཱུན་ད་དེ་ཨིནམ་མ་ཚད་ ཉམས་རྒུདཔ་ཚེ་འདས་ ཨ་ཏུལ་དཱསི་ཡང་ རྒྱ་གར་གྱི་མི་ཁུངས་ཨིན་པའི་ཁར་ ཁོང་གཉིས་ཆ་ར་ བཀྲིས་སྒང་རྫོང་ཁག་ནང་ ཁག་འབགཔ་ཅིག་གི་ ལས་མི་སྦེ་སྡོད་ཡོདཔ་ཨིན་པས།
རྩོད་ཟླ་ཀཱན་དུ་མཱུན་ད་གིས་ ཁྲིམས་འདུན་ལུ་ ཕུལ་བའི་འགག་ལན་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༡༢ ཟླ་༢ པའི་ཚེས་༢ ཀྱི་ཕྱི་རུ་ ཉམས་རྒུདཔ་ ཨ་ཏུལ་དཱསི་དེ་ ཆང་གིས་འགྲངས་ཏེ་ ཁོ་ལུ་ ཧད་བཏགས་འཚོལཝ་མ་ཚད་ གྱི་ཅུང་ཀ་ཀྲ་ལ་འབག་སྟེ་ ཁོ་གསད་ནི་ཟེར་ འོང་པའི་སྐབས་ ཉེན་སྐྱོབ་འབད་ནིའི་དོན་ལུ་ཐབས་ཤེས་བཏོནམ་ད་ རྐྱེན་ངན་དེ་བྱུང་ཡི་ཟེར་ཨིན་པས།
ཚེ་འདས་ཀྱིས་ ཁོ་གསད་ནི་ཟེར་འོངམ་ད་ སྲོག་སྐྱབས་ཀྱི་ཐབས་ཤེས་གཞན་ག་ནི་ཡང་ འབད་ས་མ་མཐོང་པར་ སྒོའི་རྒྱབ་ཁར་ སྤག་ཤིང་ཅིག་ཡོད་མི་དེ་ ཉམས་རྒུད་པའི་མགུ་ཏོ་ཁར་ བླུགས་བྱིན་པའི་ཤུལ་ལས་ ཤི་རྐྱེན་བྱུང་ཡི་ཟེར་ གསལ་ཞུ་འབད་ཡོདཔ་ད་ ཁོང་གཉིས་ཀྱི་བར་ན་ ཧེ་མ་ལས་ མ་འགྲིགས་པའི་ ལོ་རྒྱུས་ཚུ་མེདཔ་ལས་ ཁོ་གིས་  མནོ་ཞིང་ བསམ་ཞིང་གི་སྒོ་ལས་ བྱ་ངན་འབད་འབདཝ་མེན་ཟེར་ཞུ་ནུག།
ཁྲིམས་ཀྱི་འདུན་གྱིས་ བྱུང་རྐྱེན་གྱི་དབྱེ་བ་མཐིལ་ཕྱིན་འབདཝ་ད་ རྩོད་ཟླ་གིས་ ངག་བརྗོད་དེ་ལུ་ བདེན་རྟགས་ཡོད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
གློ་བུར་གདུང་སེམས་ཀྱི་ དྲག་ཤུགས་ཐོག་ལས་ འཁྲུག་སྦྱོར་རྒྱ་ཆེར་སློང་པའི་རྐྱེན་གྱིས་ བྱུང་བ་ངེས་བདེན་ཨིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དགོངས་དོན་དང་འཁྲིལ་ཏེ་ དང་བླངས་མེན་པའི་རྟོག་མེད་གདོང་ཐུག་གི་ ཉེས་རིམ་སྨིན་དགོཔ་འདུག་ཟེར་ཨིན་པས།
ཉེས་ཅན་ཀཱན་དུ་མཱུན་ད་གིས་ ཉམས་རྒུད་པའི་བཟའ་ཚང་ལུ་ གྱོངས་འཐུས་སྤྲོད་དགོཔ་ཨིན་རུང་ ཁོ་ར་ རྒྱ་གར་གྱི་མི་ཁུངས་ཨིནམ་མ་ཚད་ ཁོ་ལས་ དངུལ་གྱི་ཐོན་ཁུངས་མེད་མི་ལུ་བརྟེན་ ཁག་འབགཔ་ངོ་མིང་ ཀརྨའི་ཁ་ཐུག་ལས་ ཚེ་འདས་ཀྱི་ རྒུད་འཐུས་དངུལ་ཀྲམ་༤༥,༠༠༠ ཐམ་པ་ སྤྲོད་ཡོདཔ་ཨིན་པས།
ཁྲིམས་ཀྱི་བཀའ་རྒྱ་དང་འཁྲིལཝ་ད་ རྩོད་ཟླ་ ཀཱན་དུ་མཱུན་ད་ནས་ དང་བླངས་མེན་པའི་རྟོག་མེད་གདོང་ཐུག་གི་ཉེས་སྐྱོན་ལས་བརྟེན་ ཆ་རོགས་ཤི་རྐྱེན་བྱུང་བའི་གནད་ལས་ ཁྲིམས་ཚད་དུས་ཡུན་དམའ་ཤོས་ལོ་ངོ་༣ ཁྲིམས་འཐུས་འགྲིགས་མ་ཆོག་པར་ ཉེས་ཁྲིམས་བཙོན་དུ་ ཡངས་ཆག་མེད་པར་སྨིན་དགོ་པའི་ འཁྲུན་ཆོད་གནང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment