གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ཚུལ་མཐུན་མ་བཏང་མི་ཚུ་ལུ་ ངོས་ལེན་དམ་སྒྲིང་འབད་ནི།

རང་ཟླ་༣ པའི་ཚེས་༢༡ 
༡༡/༥/༢༠༡༢

༉ གོང་འཕེལ་གྱི་ གནས་སྟངས་ལུ་བརྟེན་ རྒྱལ་ཁབ་ནང་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོཝ་དང་འབྲེལ་ སྣུམ་འཁོར་གྱི་ ཐུག་རྐྱེན་ཡང་ ལེ་ཤ་བྱུང་དོ་ཡོད་པའི་ཁར་ སྣུམ་འཁོར་བཏང་མི་ཡང་ མང་ཤོས་ར་ ན་གཞོན་ཚུ་ཨིན་པའི་ མཐོང་གསལ་བྱུངམ་ཨིན་པས།


འདས་པའི་ལོ་ངོ་༡༠ ལྷགཔ་ཅིག་གི་ ཧེ་མ་འབད་བ་ཅིན་ སྣུམ་འཁོར་ལམ་ཚུ་ རྒྱ་ཆུང་བའི་ཁར་ སྣུམ་འཁོར་གྱི་གྱངས་ཁ་ཡང་ ཚད་ཅིག་ལས་མེདཔ་ཨིན་རུང་ ད་རེས་ནངས་པ་ འཁོར་ལམ་ཚུ་ཡང་ ལོ་གཅིག་བ་ལོ་གཅིག་ རྒྱ་བསྐྱེད་ཐོག་ལས་ གོ་ཡངས་དྲགས་བཟོ་བའི་ཁར་ དེ་དང་བསྟུན་པའི་ སྣུམ་འཁོར་གྱི་གྱངས་ཁ་ཡང་ ཡར་སེང་འགྱོ་བའི་ མངོན་གསལ་བྱུངམ་ཨིན་པས།
སྣུམ་འཁོར་གྱི་གྱངས་ཁ་དེ་ ཁྲོམ་ཁར་མང་བའི་ཁར་ ཆང་ཁང་དང་ སྤྲོ་ཁང་ཡང་ མངམ་ཡོདཔ་ལས་བརྟེན་ ནུབ་མོའི་སྤྲོ་སྟོན་ནང་འགྱོ་མི་ ལེ་ཤ་ཐོན་དོ་ཡོདཔ་ལས་ ཁིམས་སྲུང་འགག་པ་གིས་འབད་བ་ཅིན་ ན་གཞོན་སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་མི་དང་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་མེད་པར་བཏང་མིའི་ གྱངས་ཁ་ཡང་ ཡར་སེང་འགྱོ་དོ་ཟེར་ བཤདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༧ པ་ཚུན་གྱི་ ཐོ་བཀོད་ནང་ འབྲུག་ལུ་ སྣུམ་འཁོར་ཡོངས་བསྡོམས་༥༦,༢༧༣ ཡོད་ས་ལས་ ཟླཝ་༡༢ པའི་ནང་འབདཝ་ད་ གྱངས་ཁ་དེ་༦༢,༧༠༠ ལུ་ ཡར་སེང་སོང་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
དེ་ལས་ སྣུམ་འཁོར་བཏང་མི་ཚུ་གིས་ ད་རེས་ཀྱི་ འཁོར་ལམ་ཚུ་ གོ་ཡངས་དྲགས་ཡོདཔ་ལས་ དཔེར་ན་ ཐིམ་ཕུ་ལས་ སྤ་རོ་ལུ་ སྣུམ་འཁོར་བཏང་མི་ཚུ་གིས་ དུས་ཡུན་ཆུ་ཚོད་སྐར་མ་༤༥ ནང་ལྷོདཔ་སྦེ་ འགྱོ་ནི་གི་རྩིས་རྐྱབ་སྟེ་ ཤུགས་ཚད་ཁར་ བཏང་དོ་ཡོདཔ་ལས་ ཐུག་རྐྱེན་ཡང་ ཡར་སེང་འགྱོ་བའི་ ཤེས་གསལ་བྱུང་ཡི་ཟེར་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ ཐོ་བཀོད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཉིནམ་རེ་ལུ་ དེད་གཡོག་༢༤ རེ་ ལམ་འགྲུལ་ཉེན་སྲུང་གི་ ལམ་ལུགས་ལས་འགལ་བའི་གནས་སྟངས་ཐོག་ འཛིན་བཟུང་འབད་དོ་ཡོདཔ་ད་ དེ་ཡང་ མང་ཤོས་ར་ ན་གཞོན་ཚུ་འོང་དོ་ཡོདཔ་ད་ ཐོ་བཀོད་དང་འཁྲིལ་བ་ཅིན་ དུས་ཡུན་ཆུ་ཚོད་རེ་ནང་ དེད་གཡོགཔ་རེ་ ལམ་འགྲུལ་ཉེན་སྲུང་གི་ ཁྲིམས་ལུགས་ལས་འགལ་བའི་ གནས་སྟངས་ཐོག་ འཛིན་བཟུང་འབད་དོ་ཡོདཔ་ཨིན་པས།
འདས་པའི་ཟླཝ་༣ དེ་ཅིག་ནང་ སྣུམ་འཁོར་གྱི་ ཐུག་རྐྱེན་སྙན་ཞུ་༢༦༠ ལྷགཔ་ཅིག་ ཐོན་ཡོད་པའི་ནང་ལས་ ཐུག་རྐྱེན་༢༡༦ ལྷགཔ་ཅིག་ རྒྱལ་ས་ཐིམ་ཕུ་ལུ་ བྱུང་ཡོདཔ་ད་ སྤྱི་ལོ་༢༠༡༡ གི་ ཐོ་བཀོད་དང་འཁྲིལཝ་ད་ འབྲུག་ལུ་ སྣུམ་འཁོར་ཐུག་རྐྱེན་༡,༣༧༤ བྱུང་ཡོད་པའི་རྐྱེན་ངན་ནང་ མི་གྲངས་༡༠༤ ལུ་ ཤི་རྐྱེན་དང་༦༢༣ ལུ་ རྨ་སྐྱོན་བྱུང་མི་ཚུ་ནང་ དེད་གཡོག་མང་ཤོས་ར་ ན་གཞོན་ཚུ་ཨིན་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
གནད་དོན་དེ་ཚུ་དང་འཁྲིཝ་ད་ འབྲུག་གི་སྣུམ་འཁོར་གཏང་མི་ཚུ་གིས་ སྣུམ་འཁོར་བཏང་ཐངས་ཀྱི་ སྤུས་ཚད་ཡར་སེང་འབད་དགོཔ་གལ་ཆེཝ་སྦེ་ མཐོངམ་མས་ཟེར་ཨིནམ་ད་ ཐ་ན་ སྣུམ་འཁོར་བཏང་ནིའི་ནང་ མཁས་མཆོག་འོང་དགོ་པའི་ གླ་འཁོར་དེད་གཡོགཔ་ཚུ་གིས་ཡང་ སྣུམ་འཁོར་ཚུ་ བཀག་དགོ་མནོཝ་ཅིག་ ལམ་གྱི་སྦུག་ན་ར་ བཀག་ནི་དང་ གཡས་གཡོན་ག་ཏེ་འགྱོ་ནི་ཨིན་ནའི་ ཚུལ་མཐུན་བརྡ་སྟོན་འབད་མི་ ཉུང་ར་ཉུངམ་མས་ཟེར་ ལས་འཛིན་གྱི་ ལས་བྱེདཔ་ཅིག་གིས་ བཤདཔ་ཨིན་པས།
དེ་འབད་ནི་དེ་གིས་ ལམ་འགྲུལ་ཉེན་སྲུང་གི་ཁྲིམས་ལུགས་ ཡིག་ཐོག་ལུ་ ག་ཡོད་མི་དེ་ར་ ཕྱོགས་ལྷུང་མེད་པར་ ལག་ལེན་འཐབ་དགོཔ་འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྣུམ་འཁོར་གཏང་མི་ཚུ་གིས་ ཚུལ་མཐུན་གྱི་ སྣུམ་འཁོར་བཏང་ཐངས་ཀྱི་ ལམ་ལུགས་ཚུ་ ལག་ལེན་མ་འཐབ་པའི་ ཤེས་རྟོགས་ཡོད་རུང་ སྣུམ་འཁོར་རེ་རེ་བཞིན་དུ་ ལྟ་རྟོག་འབད་མི་ཚུགས་པས་ཟེར་ཨིན་པས།
དེ་འབདཝ་ད་ ཁྲིམས་ལུགས་ཚུ་ ཡངས་ཆག་མེད་པར་ དམ་དམ་སྦེ་ ལག་ལེན་འཐབ་ནི་ཚུ་ འགོ་བཙུགས་ཡོདཔ་མ་ཚད་ འཕྲལ་འཕྲལ་ར་ ཞིབ་དཔྱད་འབད་ནི་ཚུ་ འགོ་བཙུགས་སྟེ་ ཚུལ་མིན་སྣུམ་འཁོར་གཏང་མི་ཚུ་ མར་ཕབ་འགྱོ་དོ་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment