གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༤ ལྷག་སོ་རུང་ འཁོར་ལམ་བཟོ་སྐྲུན་གྱི་ལཱ་ མཇུག་བསྡུ་མ་ཚུགས་པར་ཡོདཔ།



འཁོར་ལམ་བཏོན་ནི་ཨིན་པའི་ ས་ཆ་ཚུ་ ས་ཁམས་དང་ས་གཏེར་ལས་ཁུངས་ཀྱིས་ འོས་འབབ་མེདཔ་སྦེ་ སླབ་ཡོདཔ་ལས་ ས་ཆའི་འོས་འབབ་བརྟག་ཞིབ་ཅིག་ འཕྲལ་མགྱོགས་ར་ འགོ་བཙུག་ནི་ཟེར་ཨིན་པས།


༉ ཧཱ་གསང་སྦས་དང་ དགའ་སྐྱིད་རྒེད་འོག་གཉིས་ནང་ སྤྱི་ལོ་༢༠༠༨ ལས་ སྣུམ་འཁོར་ལམ་བཏོན་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ མཇུག་བསྡུ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།


ཧཱ་རྫོང་བདག་ རིག་འཛིན་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཁོར་ལམ་བཏོན་ནིའི་ལཱ་ཚུ་ མཚམས་འཇོག་ལུས་དགོ་མི་དེ་ཡང་ དང་པ་ འཆར་གཞི་ནང་ཚུད་མི་ས་ཆ་ཚུ་ ལམ་སེལ་གྱི་དོན་ལུ་ འོས་འབབ་མེད་པའི་ཁར་ གཉིས་པ་ཟེརཝ་ད་ མ་དངུལ་ལང་མ་ཚུགས་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་མིའི་ནང་ འཁོར་ལམ་དེ་ འགོ་དང་པ་ བཟོ་སྐྲུན་འབད་བའི་བསྒང་ལས་ར་ ཡང་བསྐྱར་དུ་ རྒྱུན་སྐྱོང་འབད་མ་དགོཔ་སྦེ་ སྒྲིང་སྒྲིང་བཟོ་སྐྲུན་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ད་ལྟོ་གནས་སྐབས་ཅིག་ མཚམས་འཇོག་ལུས་སོ་རུང་ བཤོལ་བཞག་ནི་མི་འོང་ཟེར་ཨིནམ་ད་ གསང་སྦས་དང་ དགའ་སྐྱིད་རྒེད་འོག་གཉིས་ནང་ སྣུམ་འཁོར་ལམ་བཏོན་ནི་དེ་ སང་ཕོད་ ལོ་ལྔའི་འཆར་གཞི་༡༡ པ་ འགོ་བཙུགས་པའི་བསྒང་ལས་ ལོག་འཕྲོ་མཐུད་དེ་ ལཱ་འབད་ཚུགས་ཟེར་ཨིན་པས།
ལོ་ལྔའི་འཆར་གཞི་༡༡ པའི་ནང་ དཀའ་ཐུབ་ཅན་གྱི་ གཡུས་སྒོ་ཚུ་ནང་ གོང་འཕེལ་གྱི་ལཱ་ མཇུག་བསྡུ་མ་ཚུགས་པར་ ལུས་མི་ཚུ་ལུ་ རྒྱབ་སྐྱོར་བྱིན་ནི་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
གསང་སྦས་ཤེབ་སྦྱིས་ལས་ སྐྱེས་ལོ་༧༤ ལང་མི་ རྡོ་ཏི་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་ལམ་མེད་པའི་བསྒང་ལས་ གཡུས་ཚན་ནང་ ས་ཆ་ག་དེམ་ཅིག་ཡོད་རུང་ ཁུངས་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
ས་ཞིང་ཚུ་ནང་ ཚོད་བསྲེ་དང་ ལོ་ཐོག་ག་དེམ་ཅིག་བཏབ་རུང་ ཚོང་ལམ་མེད་པའི་བསྒང་ལས་ རང་གི་རྒྱུ་དང་ སྦུང་ཆུས་ཟད་བཏང་དོ་བཟུམ་ཅིག་ ཨིནམ་མ་ཚད་ ལཱ་འབད་བའི་སྐབས་ ལས་མི་ཚུ་གི་ གླ་ཆ་ཡང་ ཐོན་ཚུགས་པར་ ལཱ་ཁག་བཏང་ནི་མས་ཟེར་ཨིན་པས།
རང་གི་ ཞིང་ཁར་བཏབ་མི་ ལོ་ཐོག་ཚུ་ བཙོང་སའི་ས་གོ་མེད་པའི་བསྒང་ལས་ ཕགཔ་དང་ ནོར་ཚུ་གི་ ལྟོ་སྦེ་བྱིན་དགོ་པས་ཟེར་ཨིན་པས།
སྣུམ་འཁོར་ལམ་ཡོད་པ་ཅིན་ ཞིང་ཁའི་ཐོན་སྐྱེད་ཚུ་གིས་ འོང་འབབ་བཟོ་ཚུགས་ནི་ཨིནམ་ལས་ སྤྲོ་བ་ཐེབས་ཅིག་ར་ འབྱུང་ནི་མས་ཟེར་ རྡོ་ཏི་གིས་ སླབ་ཨིན་པས།
སྐྱེས་ལོ་༤༤ འབད་མི་ ཉི་མ་རྒྱལ་མཚན་གྱིས་འབད་བ་ཅིན་ སྣུམ་འཁོར་ལམ་མེད་པའི་བསྒང་ལས་ གཡུས་ཚན་ནང་ མི་ཚུ་ནདཔ་ཐོནམ་ད་ ལམ་ཐག་རིང་ནི་དེ་གིས་ སྨན་ཁང་ནང་ འབག་བསྐྱལ་ནི་ལུ་ དཀའཝ་སྤྱདཔ་མས་ཟེར་ཨིན་པས།
གལ་སྲིད་ སྣུམ་འཁོར་ལམ་ཡོད་པ་ཅིན་ གོང་འཕེལ་གྱི་ལཱ་ཚུ་ འབད་ཚུགས་པ་གིས་མ་ཚད་ མི་སེར་ཚུ་ཡང་ རང་སོའི་ འོང་འབབ་བཟོ་ནི་ལུ་ ཁེ་ཕན་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
ལམ་སེལ་དྲུང་ཆེན་ དྲགོས་བསོད་ནམས་བསྟན་འཛིན་གྱིས་འབད་བ་ཅིན་ ཧེ་མའི་ འཁོར་ལམ་བཏོན་ནི་ཨིན་པའི་ ས་ཆ་ཚུ་ ས་ཁམས་དང་ས་གཏེར་ལས་ཁུངས་ཀྱིས་ འོས་འབབ་མེདཔ་སྦེ་ སླབ་ཡོདཔ་ལས་ ས་ཆའི་ འོས་འབབ་བརྟག་ཞིབ་ཅིག་ འཕྲལ་མགྱོགས་ར་ འགོ་བཙུག་ནི་ཟེར་ཨིན་པས།
ཨིན་རུང་ བློན་ཆེན་མཆོག་གིས་ སྣུམ་འཁོར་ལམ་བཏོན་ནི་དེ་ ག་དེ་སྦེ་ཨིན་རུང་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ ཚུདཔ་སྦེ་ར་ བཙུག་ནི་ཨིན་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment