གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་ལུ་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ།

ལྷུན་རྩེ་ལུ་ སྡོད་ཁྱིམ་འཐོབ་ནི་དེ་ ལཱ་ཁག་ཡོད་མི་ལུ་བརྟེན་ རྫོང་ཁག་ནང་ གནས་སོར་འོང་མི་ཚུ་གིས་ འཇམ་ཏོང་ཏོ་སྦེ་ འོང་མི་བཏུབ་པས་ཟེར་ཨིན་པས།

ལྷུན་རྩེ་ལུ་ ཞི་གཡོགཔ་ཚུ་གིས་རྐྱབ་མི་ སྦ་སྒོར་ཚུ།
༉ ལྷུན་རྩེ་རྫོང་ཁག་ནང་ གནས་སོར་འོང་མི་ ཞི་གཡོགཔ་དང་ ལས་ཁུངས་ ལས་འཛིན་ དེ་ལས་ ལས་སྡེ་ཁག་གི་ ཞི་གཡོགཔ་ཚུ་ལུ་ སྡོད་ཁྱིམ་མེད་པའི་ དཀའ་ངལ་བྱུང་མི་དེ་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ ཡོདཔ་ཨིན་པས།


རྫོང་ཁག་གི་དོན་ལུ་ ཡོད་རུང་མེད་རུང་ ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ རྐྱབ་ཡོད་པའི་སྒྲིང་ཁྱིམ་༥ ལས་བརྒལ་མེདཔ་ད་ དེ་ནང་ བཟའ་ཚང་༣༠ སྡོད་དོ་ཡོདཔ་ཨིན་པས།
བཟའ་ཚང་༥༠ ལྷགཔ་ཅིག་ གནས་སྐབས་ཅིག་གི་དོན་ལུ་རྐྱབ་མི་ སྦ་སྒོར་ཚུ་ནང་ སྡོད་དོ་ཡོདཔ་ད་ བཟའ་ཚང་༤ དེ་ཅིག་ སྒང་ཟུར་གཡུས་ཚན་ནང་ ཁང་གླར་སྡོད་དོ་ཡོདཔ་ཨིན་པས།
ཁྱིམ་མེད་པའི་དཀའ་ངལ་ལུ་བརྟེན་ བཟའ་ཚང་དག་པ་ཅིག་གིས་ གནས་སྐབས་ཅིག་གི་དོན་ལུ་ ཆ་རོགས་དང་ ཉེ་ཚན་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ གནས་སོར་འོང་མི་ བཟའ་ཚང་ཅིག་ སྡོད་ཁྱིམ་ཐོབ་མ་ཚུགསཔ་ལས་ མགྱོན་ཁྱིམ་ནང་ བཞག་སྟེ་ཡོདཔ་ཨིན་པས།
ལྷུན་རྩེ་ལུ་ སྡོད་ཁྱིམ་འཐོབ་ནི་དེ་ དཀའ་སྡུག་ཅན་ཅིག་ཨིནམ་ལས་ རྫོང་ཁག་ནང་ གནས་སོར་འོང་མི་ཚུ་གིས་ འཇམ་ཏོང་ཏོ་སྦེ་ འོང་མི་བཏུབ་པས་ཟེར་ ལྷུན་རྩེ་རྫོང་བདག་ ཚེ་རིང་སྐལ་བཟང་གིས་ སླབ་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ སྒྲིང་ཁྱིམ་ཕུད་རྡོག་༡ ཡང་མེདཔ་ལས་ གནས་སོར་འོང་མི་ཚུ་ སྦ་སྒོར་གྱི་ ཚོང་ཁང་ཚུ་ནང་ ཁང་གླར་སྡོད་དགོཔ་ བྱུང་དོ་ཡོདཔ་ཨིན་པས།
འདས་པའི་ལོ་ཚུ་དང་ཕྱདཔ་ད་ ལྷུན་རྩེ་རྫོང་གི་ལྟག་ལུ་ གྱེན་གཟར་དྲགས་ཚུ་ནང་ལས་ཕར་ རང་སོའི་ སྦ་སྒོར་རྐྱབ་སྡོད་མི་ཡང་ ཡར་སེང་སོང་ཡོདཔ་ཨིན་པས།
སྦ་སྒོར་ཚུ་འཐོབ་ནི་ལུ་ཡང་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ སྦ་སྒོར་ཚུ་འཐོབ་ནིའི་དོན་ལུ་ གནས་སོར་འགྱོ་མི་ཚུ་ལས་ ཧེ་མ་ལས་ སྔོན་མངགས་འབད་དགོ་ནི་དེ་གིས་ འཇམ་ཏོང་ཏོ་སྦེ་ ཐོབ་མི་ཚུགས་དོ་ཡོདཔ་ཨིན་པས།
རྫོང་ཁག་གི་ རྩིས་འཛིན་པ་ཅིག་ཨིན་མི་ བསོད་ནམས་དེ་ ཁྱིམ་མ་ཐོབ་མི་ལུ་བརྟེན་ ད་ལྟོ་ སྤུན་ཆ་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ ཁོ་རའི་ བཟའ་ཚང་ཚུ་ གཡུས་ཁར་བཀོག་བཞག་སྟེ་ཡོད་ཟེར་ སླབ་ཨིན་པས།
ཨིན་རུང་ དཀའ་ངལ་དེ་ ད་ལྟོ་ གོང་འཕེལ་འགྱོ་བའི་བསྒང་ཡོད་པའི་ ཕག་གླིང་ཁྲོམ་ཁའི་ བཟོ་སྐྲུན་ལཱ་ཚུ་ མཇུག་བསྡུ་བའི་བསྒང་ལས་ དུམ་གྲྭ་ཅིག་ བསལ་ཚུགས་པའི་རེ་བ་ཡོད་རུང་ གནས་སྐབས་ཅིག་ སྐྱིན་འགྲུལ་བཀག་བཞག་མི་ལུ་བརྟེན་ བཟོ་སྐྲུན་གྱི་ལཱ་ལུ་ ཐོ་ཕོག་ནིའི་དོགས་པ་ཡོད་ཟེར་ཨིན་པས།
ཕག་གླིང་ཁྲོམ་ཁར་ ཚོང་པ་༢༨ ལུ་ ཁྲོམ་ས་བགོ་བཀྲམ་འབད་མི་ལས་ བསྡོམས་ཀྱིས་ཚོང་པ་༡༥ ལུ་ གནང་བ་སྤྲོད་ཡོདཔ་ད་ ད་ལྟོ་ ཚོང་པ་༢ ཀྱིས་ བཟོ་སྐྲུན་ལཱ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
ལྷུན་རྩེ་རྫོང་བདག་ ཚེ་རིང་སྐལ་བཟང་གིས་ བཤད་མིའི་ནང་ སྐྱིན་འགྲུལ་མེད་པ་ཅིན་ ཚོང་པ་མང་ཤོས་ར་ ཁོང་ར་གི་མ་དངུལ་ཐོག་ལས་ ཁྱིམ་བཟོ་སྐྲུན་འབད་མི་ཚུགས་ནི་ཨིནམ་ལས་ དཀའ་ངལ་བསལ་ཐབས་ལུ་ ད་རེས་ནངས་པ་ ཁྱིམ་བཟོ་གོང་འཕེལ་ལས་འཛིན་དང་གཅིག་ཁར་ རྫོང་ཁག་ནང་ སྒྲིང་ཁྱིམ་ཐེབས་རྐྱབ་ནིའི་དོན་ལུ་ འོས་འབབ་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ སྡོད་ཁྱིམ་གྱི་ མཁོ་འདོད་བཀོད་མི་ གཞུང་སྒེར་གྱི་ ཞི་གཡོགཔ་༦༠༠ དེ་ཅིག་ཡོད་མི་ལས་ རྫོང་ཁག་ལྟེ་བའི་ས་ཁོངས་ནང་སྡོད་མི་༡༠༠ ལྷགཔ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment