གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བ་མོ་གིས་ ཁྱིམ་གུང་༡༦༣ དེ་ཅིག་གི་ ཀེ་བའི་ཞིང་ཚུ་ མེདཔ་བཏང་ཡོདཔ།

རང་ཟླ་༣ པའི་ཚེས་༢༡ 
༡༡/༥/༢༠༡༢

ཀེ་བའི་འདབ་མ་དང་ ཤིང་ དེ་ལས་ སྦུབས་ཅུ་ཚུ་ མེདཔ་བཏང་ཡོདཔ་ལས་ དུས་ཅི་ ཀེ་བའི་ཐོན་སྐྱེད་ཚུ་ ག་དེ་སྦེ་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།

བུམ་ཐང་སྟང་ལུ་ བ་མོ་གིས་ བཤུར་བཏང་མི་ ཀེ་བའི་ཞིང་།
༉ སྤྱི་ཟླ་༥ པའི་ཚེས་༥ ལས་༧ ཚུན་ བ་མོ་ཆགས་མི་ལུ་བརྟེན་ སྟང་རྒེད་འོག་ནང་ ཁྱིམ་གུང་༡༦༣ དེ་ཅིག་གི་ ཀེ་བའི་ཞིང་ཚུ་ མེདཔ་བཏང་ཡོདཔ་ཨིན་པས།
སྟང་རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ བདེ་སྐྱིད་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བ་མོ་དེ་གིས་ མང་ཤོས་ར་ རྒེད་འོག་སྟོད་དང་ བར་ནའི་གཡུས་ཚན་ཚུ་ནང་ མེདཔ་བཏང་ཡོདཔ་ལས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།



བ་མོ་དེ་གིས་ ཀེ་བའི་ འདབ་མ་དང་ཤིང་ དེ་ལས་ སྦུབས་ཅུ་ཚུ་ མེདཔ་བཏང་ཡོདཔ་ལས་ དུས་ཅི་ ཀེ་བའི་ཐོན་སྐྱེད་ ག་དེ་སྦེ་འོང་ག་ སླབ་མི་ཤེས་ཟེར་ འགོ་དཔོན་གྱིས་ སླབ་ཅི།
སྐྱེས་ལོ་༨༠ ལང་མི་ ཟླ་བ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁོ་གི་ ཞིང་གཉིས་ནང་ ཀེ་བའི་སོན་ ཀེ་ཇི་༨༠ ལྷགཔ་ཅིག་ བཙུགས་ཡོད་མི་ཚུ་ག་ར་ བ་མོ་གིས་ བཤུར་བཏང་ཡོདཔ་ལས་ ག་ཅི་འབདཝ་དྲག་ག་ མ་ཤེས་པར་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཀེ་བ་དེ་ ཁོ་རའི་བཟའ་ཚང་གི་དོན་ལུ་ མ་དངུལ་གྱི་འབྱུང་ཁུངས་ གཙོ་བོ་ཅིག་ཨིནམ་ལས་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ དུས་ཚོད་ཁར་ ཆརཔ་རྐྱབ་པ་ཅིན་ དུམ་གྲ་ཅིག་ ཕན་ཐོགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
སྐྱིད་འཛོམས་ལས་ སྐྱེས་ལོ་༢༥ ལང་མི་ འཆི་མེད་ཀྱིས་ སླབ་མིའི་ནང་ ཁྱིམ་ཚང་ཅིག་གི་ས་ཆ་ གླ་ཁར་ལེན་ཏེ་ ཀེ་བའི་སོན་ ཀེ་ཇི་༡༥༠ ལྷགཔ་ཅིག་ བཙུགས་ཡོད་མི་དེ་ མེདཔ་བཏང་ཡོདཔ་ལས་ ལོག་སྟེ་ ལུད་བླུགས་ཞིནམ་ལས་ བཅོ་ཁ་རྐྱབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཨིན་རུང་ མོ་གིས་ འདབ་མ་དང་སྦུབས་ཅུ་ཚུ་ སྐམ་བཏང་ཡོདཔ་ལས་ གལ་སྲིད་ སྐྱེ་སྟེ་འབད་རུང་ ཐོན་སྐྱེད་ལེགས་ཤོམ་མི་འོང་ནི་ཨིནམ་ལས་ འོང་འབབ་བཟོ་མ་ཚུགས་པའི་ ཚ་གྱང་ཡོད་ཟེར་ཨིན་པས།
མོ་གིས་ ཞིང་ནང་ གཡུར་མ་མ་རྐྱབ་པར་ཡོདཔ་ལས་ ཀེ་བའི་ཤིང་ལུ་ གནོདཔ་སྦོམ་མ་རྐྱབ་རུང་ ཚར་ཅིག་ བཤུར་བཏང་ཞིནམ་ལས་ རྡོག་མ་སྦོམ་མི་བཏགས་ཟེར་ཨིན་པས།
ཁང་རབ་སྤྱི་འོག་གི་ཚོགས་པ་ ཚེ་རིང་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གི་ སྤྱི་འོག་གི་ས་ཞིང་ཚུ་ མང་ཤོས་ར་ སྟང་རོང་ཆུ་གི་ གཡས་ཁ་ཐུག་ལུ་ཡོད་ནི་དེ་གིས་ བ་མོ་གིས་ གནོདཔ་མངམ་བཀལ་ནུག་ཟེར་ཨིན་པས།
སྐྱིད་འཛོམས་ལས་ ལྷ་འཛོམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གི་ ཀེ་བའི་ཞིང་ནང་ལུ་ ཆུ་ཚ་ཏོམ་ བླུགས་བཞག་བཞགཔ་བཟུམ་སྦེ་ ཀེ་བའི་འདབ་མ་ཚུ་ བཤུར་བཏང་ནུག་ཟེར་ཨིནམ་ད་ ནམ་མཁའ་གཡུས་ཚན་ནང་འབད་བ་ཅིན་ ཞིང་ལ་ལུ་ཅིག་ ཀེ་བ་ཚུ་ བསྡུ་རན་པའི་སྐབས་ ཤིང་དང་འདབ་མ་ཚུ་ སྐམ་འགྱོ་དོ་བཟུམ་སྦེ་ མཐོངམ་ཨིན་པས།
བ་མོ་གིས་ གཡུར་མ་རྐྱབ་མི་ཚུ་ལུ་ གནོད་པ་སྦོམ་བཀལ་ཡོདཔ་ད་ དེ་ཡང་ གཡུར་མ་ཚུ་ སེལ་བཀོག་བའི་ཤུལ་ལས་ ས་གིས་ ཀེ་བའི་ཤིང་ཚུ་ མ་སྤུབས་ནི་དེ་གིས་ ཤིང་ཚུ་ཡང་ བཤུར་བཏང་ཡོདཔ་ཨིན་པས།
རྒེད་འོག་དེ་ནང་ ལོ་ངོ་དག་པ་ཅིག་གི་ཧེ་མ་ཡང་ དུས་ཚོད་འ་ནེམ་ཅིག་ཁར་ བ་མོ་རྐྱབ་ཡོད་པའི་ ལོ་རྒྱུས་ཡོད་རུང་ ད་རེས་བཟུམ་སྦེ་ གནོདཔ་མ་བྱུང་ཟེར་ཨིན་པས།
དུས་ཅི་གི་ བ་མོ་གིས་ ཀེ་བ་མ་ཚད་ བྱཱོ་གི་ ཞིང་དག་པ་ཅིག་ཡང་ སྐམ་བཏང་ཡོདཔ་ཨིན་པས།
རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་གིས་ དུས་ཅིའི་ལོ་ནང་ ཀེ་བའི་ཐོན་སྐྱེད་ བརྒྱ་ཆ་༥༠ དེ་ཅིག་ མར་འབབ་འགྱོ་འོང་ཟེར་ བཤད་ཡོདཔ་ད་ ད་ལྟོ་ཡོད་མི་ཚུ་ སྐྱེས་ཏེ་འབད་རུང་ རྡོག་མ་ཚུ་ ཆུང་ཀུ་སྦེ་བཏགས་ནི་ཨིནམ་ལས་ བཙོང་སྟེ་འབད་རུང་ གོང་ཚད་ལེགས་ཤོམ་མི་ཐོབ་ཟེར་ བཤདཔ་ཨིན་པས།
སོ་ནམ་རྒྱ་བསྐྱེད་ལྟེ་བ་གིས་ ཞིབ་དཔྱད་ཚུ་འབད་ཞིནམ་ལས་ གཞུང་ལུ་ སྙན་ཞུ་ཕུལ་ནི་ཨིན་རུང་ གྲོགས་རམ་ག་ཅི་གནང་འོང་ག་  ད་ལྟོ་ སླབ་མི་ཤེས་པས་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment