གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུ་འཐུང་མ་འཐུང་གི་ཞིབ་དཔྱད་ ཧང་སྟོང་མར་འབད་ཡོདཔ།

རང་ཟླ་༣ པའི་ཚེས་༢༡ 
༡༡/༥/༢༠༡༢

ཁ་ཙ་ ཐིམ་ཕུ་ལུ་ ཡིག་ཚང་ཚུ་ནང་ ཧང་སྟོང་མར་ ཏམ་ཁུ་འཐུང་མ་འཐུང་གི་ ཞིབ་དཔྱད་འབད་བའི་བསྒང་།
༉ ཁ་ཙ་ འབྲུག་སྨྱོ་རྫས་དམ་འཛིན་ལས་སྡེའི་ འགོ་དཔོན་དང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ཡིག་ཚང་དང་ གཙུག་སྡེ་ མི་མང་ས་ཁོངས་ སྤྲོ་ཁང་ དེ་ལས་ ཟ་ཁང་ཚུ་ནང་ ཏམ་ཁུ་འཐུང་མ་འཐུང་དང་ ཏམ་ཁུ་འཐུང་ཆོག་དང་མ་ཆོག་པའི་ ས་ཁོངས་ངོས་འཛིན་འབད་ནི་ དེ་ལས་ བརྡ་བྱང་ཚུ་སྦྱར་ཏེ་ ཡོད་མེད་ཀྱི་ཞིབ་དཔྱད་ཚུ་ ཧང་སྟོང་མར་ འབད་ཡོདཔ་ཨིན་པས།

ཞིབ་དཔྱོདཔ་ཅིག་གིས་ ཉེས་བྱ་བཀལ་ནིའི་དོན་ལུ་ འབྱོར་འཛིན་བཏོག་པའི་བསྒང་།

ཞིབ་དཔྱད་སྡེ་ཚན་ནང་ འབྲུག་སྨྱོ་རྫས་དམ་འཛིན་ལས་སྡེ་དང་ ཁྲིམས་སྲུང་འགོ་དཔོན་ འོང་འབབ་དང་ཅ་དམ་འོག་དཔོན་ ཚོང་འབྲེལ་འགོ་དཔོན་ དེ་ལས་ ཐིམ་ཕུ་ཁྲོམ་སྡེའི་ འགོ་དཔོན་ཚུ་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་མི་ སྡེ་ཚན་ཁག་༢ ཡོད་མི་དེ་གིས་ ས་གནས་ཁག་༡༧ དེ་ཅིག་ནང་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཡིག་ཚང་༤ དང་ ཏམ་ཁུ་འཐུང་མི་༦ ལུ་ ཉེས་བྱ་ཚུ་ བཀལ་ཡོདཔ་ཨིན་པས།
ཡིག་ཚང་དང་ གཙུག་སྡེ་ སྒེར་གྱི་ཡིག་ཚང་ཚུ་ནང་ ག་དེམ་ཅིག་སྦེ་ ཏམ་ཁུ་འཐུང་མ་ཆོག་པའི་ བརྡ་བྱང་སྦྱར་ཏེ་ མེདཔ་འདྲཝ་ཅིག་འབད་བ་ཅིན་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ བཀལ་དོ་ཡོདཔ་བཞིན་དུ་ ཏམ་ཁུ་འཐུང་མ་ཆོག་པའི་ས་ཁོངས་ནང་ ཏམ་ཁུ་འཐུང་སར་ མཐོང་པ་ཅིན་ མི་རེ་ལུ་ དངུལ་ཀྲམ་༥༠༠ རེ་ བཀལ་དོ་ཡོདཔ་ཨིན་པས།
ཁ་ཙ་ སྡེ་ཚན་གྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ སྒེར་གྱི་གསར་ཤོག་ ཇོར་ན་ལིསཊི་ ཟ་ཁང་ དེ་ལས་ རྒྱལ་གཞུང་གཙུག་ལག་སློབ་སྡེ་ཚུ་ནང་ ཏམ་ཁུ་འཐུང་མི་ཆོག་ཟེར་བའི་ བརྡ་བྱང་སྦྱར་ཏེ་ མེད་མི་ལུ་བརྟེན་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ རེ་བཀལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཀུན་གསལ་ལས་འཛིན་གྱི་ ལས་བྱེདཔ་ཅིག་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ལས་བྱེདཔ་ཅིག་ ཇོར་ན་ལིསཊི་གི་ ལས་བྱེདཔ་༢ དེ་ལས་ གླ་འཁོར་བཏང་མི་༢ འབདཝ་ད་ བསྡོམས་མི་གྲངས་༦ ལུ་ ཉེས་བྱ་དངུལ་ཀྲམ་༥༠༠ རེ་ བཀལ་ཡོདཔ་ཨིན་པས།
འབྲུག་སྨྱོ་རྫས་དམ་འཛིན་ལས་སྡེ་གི་ ཁྲིམས་དོན་འགོ་དཔོན་ བསོད་ནམས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྨྱོ་རྫས་དམ་འཛིན་ལས་སྡེ་གིས་ ཞིབ་དཔྱད་ཚུ་ ཧེ་མ་ལས་ར་ འབད་ནི་ཡོད་རུང་ ད་རེས་ ཧང་སྟོང་མར་ ལྟ་རྟོག་འབད་ཐོག་ ཉེས་བྱ་བཀལ་མི་དེ་ འགོ་དང་པ་ཨིན་ཟེར་ཨིན་པས།
དེ་བཟུམ་མའི་ ཞིབ་དཔྱད་འབད་དགོ་མི་དེ་ཡང་ ལམ་ལུགས་དང་ ཁྲིམས་ལུགས་ཚུ་ ཧེ་མ་ལས་རང་བཟོ་སྟེ་ མི་ཚུ་ལུ་ གསལ་བསྒྲགས་ག་དེམ་ཅིག་འབད་རུང་ མི་མང་ཤོས་ཅིག་གིས་ སྣང་མེད་སྦེ་ བཞག་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ད་ལས་ཕར་ དེ་བཟུམ་མའི་ ཞིབ་དཔྱད་ཚུ་ འཕྲལ་འཕྲལ་སྦེ་ར་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
འབྲུག་གི་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མའི་ ལེའུ་༢ པའི་དོན་ཚན་༣ པའི་ག་པ་དང་འཁྲིལཝ་ད་ སྒེར་སྡེ་དང་ རྫོང་གཞིས་ དགོན་སྡེ་ འགྲེམ་སྟོན་ཁང་ གསོ་བའི་འཕྲོད་བསྟེན་ཁང་ ཤེས་ཡོན་སྤེལ་ཁང་ ཆོས་སྡེ་ དེ་ལས་ སྦྱོང་བརྡར་ལྟེ་བའི་ ཉེ་འདབས་ས་ཁོངས་ཚུ་ནང་ ཏམ་ཁུ་འཐུང་མི་ཆོག་ཟེར་ བཀོད་དེ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཡིག་ཚང་ནང་ ཏམ་ཁུ་འཐུང་མ་ཆོག་པའི་ བརྡ་བྱང་སྦྱར་བའི་མཐའ་མར་ ཏམ་ཁུ་འཐུང་སའི་ ས་ཁོངས་ཅིག་ཡང་ བཟོ་སྟེ་ཡོད་མི་དེ་ བཅའ་ཁྲིམས་ལས་འགལ་བ་ཨིན་པས།
ཟ་ཁང་དང་ སྒྲ་དབྱངས་ཁང་ཚུ་ནང་རྐྱངམ་གཅིག་ ཏམ་ཁུ་འཐུང་སའི་ ས་ཁོངས་བཟོ་ཆོགཔ་སྦེ་ བཅའ་ཁྲིམས་ནང་ བཀོད་དེ་ཡོདཔ་ཨིན་པས།
ཞིབ་དཔྱད་སྡེ་ཚན་༢ ཀྱིས་ ཁ་ཙ་ ས་ཁོངས་ཁག་༡༧ ནང་ལས་ ཉེས་བྱ་དངུལ་ཀྲམ་༡༢,༥༠༠ བསྡུ་ལེན་འབད་ཡོདཔ་ད་ གཞན་མི་ ཉེས་བྱ་བཀལ་ཡོད་མི་ཚུ་ དུས་ཡུན་ཆུ་ཚོད་༢༤ གི་ནང་འཁོད་ལུ་ བཏབ་དགོཔ་སྦེ་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment