གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་རྫོང་ཁག་ནང་ རང་ལུགས་གྱོན་ཆས་ ལག་ལེན་འགོ་བཙུགས་ཡོདཔ།

རང་ཟླ་༣ པའི་ཚེས་༢༡ 
༡༡/༥/༢༠༡༢

༉ ལྷུན་རྩེ་རྫོང་ཁག་ སྟག་མོ་ཆུ་ཁྲོམ་ཁར་ ཚོང་ཁང་ཆུང་ཀུ་ཅིག་ཡོད་མིའི་ནང་ སྐྱེས་ལོ་༤༠ ཞེ་གྲངས་ནང་འབད་མི་ བདེ་སྐྱིད་དཔལ་འཛོམས་ཀྱིས་ དྲོ་པ་ལོང་ཞིནམ་ལས་འགོ་བཙུགས་ ཕྱི་རུའི་ཚོང་ཁང་སྒོ་མ་བསྡམས་ཚུན་ རང་ལུགས་གྱོན་ཆས་དཀྱི་ར་དཀྱིས་ཏེ་ སྡོདཔ་ཨིན་པས།


བདེ་སྐྱིད་དཔལ་འཛོམས་བཟུམ་སྦེ་ སྟག་མོ་ཆུ་ཁྲོམ་དང་ ལྷུན་རྩེ་ཁྲོམ་གྱིས་གཙོས་པའི་ རྫོང་ཁག་འོག་གི་ཁྲོམ་གྱི་ ཚོང་པ་ཆ་མཉམ་གྱིས་ ཚོང་ཁང་ནང་སྡོདཔ་ད་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་ གོ་དང་དཀྱི་ར་ཚུ་ གྱོན་ཐོག་ལས་ ཚུལ་དང་མཐུནམ་སྦེ་སྡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱིར་བཏང་ལུ་ཞི་གཡོགཔོ་དང་ རྫོང་ཁག་འོག་གི་ ལས་འཛིན་དང་ ལས་ཁུངས་ དེ་ལས་ ལས་སྡེའི་ཞི་གཡོགཔ་ཚུ་གིས་ཡང་ ཁྲོམ་ཁར་འགྱོཝ་ད་ རང་ལུགས་ཀྱི་གྱོན་ཆས་དང་ རྒེད་འོག་ཚུ་ནང་ལྟ་སྐོར་ནང་འགྱོ་བའི་སྐབས་ལུ་ཡང་ གྱོན་ཆས་ཚུལ་མཐུན་སྦེ་དགོཔ་མ་ཚད་ རྒྱལ་དར་ཡོད་སའི་ས་ཁོངས་ཚུ་ནང་ བཀབ་ནི་བཀབ་སྟེ་འགྱོ་དོ་ཡོད་པའི་ཁར་ བདུན་མཐའ་ཚུ་ནང་འབད་རུང་ ཁྱིམ་གྱི་ཕྱི་ཁར་ཐོནམ་ཅིག་ རང་གི་གྱོན་ཆས་གྱོན་འགྱོ་དོ་ཡོདཔ་ཨིན་པས།
རང་ལུགས་ཀྱི་གྱོན་ཆས་ལུ་ གཙོ་བོར་བཏོན་དགོ་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་གིས་ རྒེད་འོག་སོ་སོའི་རྒཔོ་ཚུ་དང་ ཚོང་པ་ དེ་ལས་ རྫོང་ཁག་ནང་ཡོད་པའི་ ལས་སྡེའི་འགོ་དཔོན་ཚུ་དང་གཅིག་ཁར་ སྒྲིག་ལམ་རྣམ་གཞག་དང་འབྲེལ་བའི་ གོ་བརྡའི་གྲོས་འཛོམས་ཅིག་ འཚོགས་ཞིནམ་ལས་ གྲོས་ཆོད་བྱུང་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ མི་དག་པ་ཅིག་ལས་ བསམ་འཆར་ལེན་པའི་སྐབས་ མང་ཤོས་ཅིག་གིས་ ལས་རིམ་དེ་ལུ་ ངོས་ལེན་སྦོམ་ཡོད་པའི་སྐོར་ལས་ བསམ་འཆར་བཤདཔ་ཨིན་པས།
སྤྱི་མི་བགྲེསཔ་ བདེ་སྐྱིད་དཔལ་འཛོམས་ཀྱིས་འབད་བ་ཅིན་ མོ་ར་ ཧེ་མ་ལས་ དུས་རྒྱུན་ར་དཀྱི་ར་དཀྱིས་སྡོད་མི་ཅིག་ཨིནམ་ལས་ རྫོང་ཁག་འགོ་དཔོན་ཚུ་གིས་ གསལ་བཤད་གནངམ་ཅིག་ འབད་ཚུགས་པའི་ཁས་བླངས་འབད་ཡི་ཟེར་ཨིནམ་ད་ མོ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ལམ་ལུགས་འགོ་བཙུགས་མི་དེ་གིས་ རང་ལུགས་དཔལ་ལྡན་འབྲུག་པའི་ངོ་རྟགས་ སྒྲིག་ལམ་རྣམ་གཞག་དེ་ གོང་འཕེལ་གཏང་ཚུགས་ནི་མས་ཟེར་ཨིན་པས།
རྫོང་ཁག་བརྡ་དོན་འཕྲུལ་རིག་འགོ་དཔོན་ དོན་གྲུབ་ཚེ་རིང་གིས་ ཀུན་གསལ་གནས་ཚུལ་བསྡུ་ལེན་པ་ལུ་བཤད་མིའི་ནང་ རང་ལུགས་ཀྱི་ གྱོན་ཆས་གོ་གྱོན་སྡོདཔ་ད་ར་ ང་ར་འབྲུགཔ་ཨིན་ཟེར་བའི་ དཔའ་ཉམས་སྐྱེདཔ་མས་ཟེར་ཨིན་པས།
སྒྲིག་ལམ་རྣམ་གཞག་གོང་འཕེལ་གྱི་ཐབས་ལམ་གསལ་སྟོན་འབད་མི་ལུ་ མང་ཤོས་ཅིག་གིས་ སེམས་དགའ་སྟེ་ཡོད་རུང་ མི་དག་པ་ཅིག་གིས་ དེ་ལུ་ མ་དགའ་བའི་ཚུལ་དུམ་གྲ་རེ་སྟོན་མི་ཡང་འདུག་ཟེར་ཨིན་པས།
ཚོང་པ་ ཚེ་དབང་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གིས་ ཨ་རྟག་ར་ དོརམ་ཁེན་འཇར་དང་ དེ་མིན་ དཀྱི་ར་ཕྱེད་ཀ་དཀྱིས་སྡོད་མི་ཅིག་ཨིནམ་ལས་ དཀྱི་ར་དཀྱིས་ནི་ལུ་ དུམ་གྲ་ཅིག་ བྱ་སྟབས་མ་བདེཝ་བྱུང་རུང་ ཉིནམ་དག་པ་ཅིན་ལས་ གོམས་འདྲིས་ཚུད་ནུག་ཟེར་ཨིན་པས།
ཕྱི་ཁ་ལས་ རྫོང་ཁག་ནང་འོང་མི་ཚུ་གིས་ བགོ་དང་དཀྱི་ར་ཐོག་ལུ་འོང་དགོཔ་ཨིན་རུང་ ལྷུན་རྩེ་རྫོང་བདག་ ཚེ་རིང་སྐལ་བཟང་གིས་འབད་བ་ཅིན་ ད་ལྟོ་ ཁྲིམས་ལུ་མ་གནས་རུང་ ཉེས་ཆད་ཚུ་མི་བཀལ་ཟེར་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ ལས་རིམ་དེ་ འདས་པའི་བདུན་ཕྲག་༣ དེ་ཅིག་གི་ཧེ་མར་ རྒཔོ་དང་ ཚོང་པ་ དེ་ལས་ མི་སྡེ་ཚུ་དང་གཅིག་ཁར་ གོ་བ་བརྡ་སྤྲོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞལ་འཆམ་ཡོདཔ་ལས་ ལས་རིམ་དེ་ ལོ་༥ འི་འཆར་གཞི་༡༠ པའི་དམིགས་ཡུལ་ཅིག་ཡང་ཨིནམ་ལས་  སྒྲིག་ལམ་རྣམ་གཞག་ གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ འགོ་བཙུགས་མི་ལས་རིམ་དེ་གིས་ མཐར་འཁྱོལ་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment