གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༤ འི་རྒྱབ་ལས་ ས་གནས་གོང་འཕེལ་འཆར་གཞི་༢ གནང་བ་གྲུབ་ཡོདཔ།

རང་ཟླ་༣ པའི་ཚེས་༢༡ 
༡༡/༥/༢༠༡༢

༉ བསམ་གྲུབ་ལྗོངས་མཁར་ ཁྲོམ་སྡེའི་དོན་ལུ་ གནང་བ་ཐོབ་མ་ཚུགས་པར་ ཐོགས་ལུས་མི་ ས་གནས་གོང་འཕེལ་འཆར་གཞི་༤ ཡོད་ས་ལས་ འཆར་གཞི་༢ གནང་བ་གྲུབ་ཡོད་མི་ལུ་བརྟེན་ ད་ལས་ཕར་ ཁྲོམ་སྡེ་དེ་ གོང་འཕེལ་སྦོམ་འགྱོ་ནི་ཨིན་པས།


ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ འཆར་གཞི་༢ པོ་དེ་ ཞབས་ཏོག་ལྷན་ཁག་གིས་ ཟླཝ་༣ དེ་ཅིག་གི་ ཧེ་མར་ གནང་བ་གྲུབ་ཡོད་མི་དང་འབྲེལ་ ལཱ་ཚུ་ཡང་ འགོ་བཙུགས་ཡོདཔ་ལས་ སྤྱིར་བཏང་ལུ་འབད་བ་ཅིན་ འཆར་གཞི་ཚུ་ ལོ་༤ གི་ ཧེ་མར་ གནང་བ་གྲུབ་དགོཔ་ཨིན་ཟེར་ཨིན་པས།
འཆར་གཞི་༢ ཀྱི་གྲས་ལས་༡ དེ་ ས་མཚམས་ཀྱི་ སྒོ་ར་ལས་འགོ་བཙུགས་ གདུང་བསམ་ཆུ་ཟམ་ཚུན་ཡོད་མི་གིས་ བསམ་གྲུབ་ལྗོངམ་མཁར་ ཁྲོམ་གྱི་ས་ཁོངས་ལྟེ་བ་ ག་ར་ཁྱབ་ནི་ཨིན་པས།
འཆར་གཞི་དེ་ འགོ་བཙུག་ནིའི་དོན་ལུ་ ས་མཚམས་སྒོ་ར་ཁ་ལས་ གདུང་བསམ་ཆུ་ཟམ་ཚུན་འབདཝ་ད་ མི་ཊར་༦༥༠ འབད་མི་ འགྲུལ་འཁོར་ལམ་དེ་ མི་ཊར་༩ རྒྱ་བསྐྱེད་འབད་ནི་དང་ དེ་གི་སྐབས་ལུ་ འགྲུལ་བསྐྱོད་འབད་མི་ཚུ་ལུ་ དཀའ་ངལ་མི་བྱུང་ནིའི་དོན་ལུ་ གནས་སྐབས་ཀྱི་ འཁོར་ལམ་ཅིག་ཡང་ བཟོ་སྐྲུན་འབད་ནི་ཨིན་ཟེར་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ གནས་སྐབས་ཀྱི་ འགྲུལ་འཁོར་ལམ་སེལ་མི་ལུ་བརྟེན་ སྣུམ་འཁོར་ཆེ་བ་ཚུ་ ད་ལྟོའི་ལམ་བརྒྱུད་དེ་ འགྲོ་འགྲུལ་འཐབ་མི་དགོ་ནི་དང་ དུང་བསམ་ཆུ་བརྒལ་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་ སློབ་གྲྭ་ཆུང་བའི་སྦོ་ལོགས་ཁར་ རྩི་སའི་ཟམ་ཅིག་ཡང་ རྐྱབ་ནི་ཨིན་ཟེར་ཨིན་པས།
ས་གནས་གོང་འཕེལ་འཆར་གཞི་༢ པའི་སྐབས་ ད་ལྟོ་ཡོད་པའི་ ཁྲིམས་སྲུང་འགག་པ་དང་ འབྲུག་དངུལ་ཁང་ སྡོད་ཁྱིམ་གྱི་ས་ཁོངས་ཚུ་ནང་ འཆར་གཞི་དང་འཁྲིལ་བའི་ བཟོ་བཀོད་ཚུ་ འབད་ནི་ཨིན་པས།
ཁྲོམ་སྡེའི་བཀོད་ཁྱབ་བཟོ་རིག་འགོ་དཔོན་འོག་མ་ ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ འཆར་གཞིའི་སྐབས་ལུ་ ད་ལྟོ་ཡོད་པའི་ བཟོ་བཀོད་ཚུ་ སྔར་བཞིན་བཞག་ནི་ཨིན་རུང་ སྒྲིང་ཁྱིམ་ཐོག་ཚད་༢ རེ་དང་ ཁྱིམ་ཐོག་གཅིག་འབད་མི་ སྒྲིང་ཁྱིམ་ཚུ་ ཐོག་ཚད་ཐེབས་བཀལ་བཅུག་ནི་དང་ ཁྱིམ་ཐོག་མེད་མི་ཚུ་ཡང་ ངེས་པར་དུ་ ཁྱིམ་ཐོག་བཀབ་བཅུག་ནི་ཨིན་ཟེར་ཨིན་པས།
འཆར་གཞིའི་ནང་ ཚོང་འབྲེལ་གྱི་དོན་ལུ་མེན་པར་ ཀུན་ཚང་ཞབས་ཏོག་གི་ ཁྲོམ་སྡེ་ལྟེ་བ་ཅིག་ བཟོ་སྐྲུན་འབད་ནི་ཨིན་མི་དེ་ འཆར་གཞི་༢ པའི་ནང་ ཚུད་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ སློབ་གྲྭ་ཆུང་བའི་ནང་ འགྱོ་སའི་ལམ་ཁར་ མདའ་རྩེད་ཐང་དེ་ནང་ཡང་ རྩེད་རིགས་ཀྱི་དོན་ལུ་ རྩེད་ཐང་བཟོ་བཀོད་འབད་ནི་སྦེ་ འཆར་གཞི་བཟོ་སྟེ་ཡོད་ཟེར་ ཡེ་ཤེས་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་༥ ཧེ་མར་ ཁྲོམ་ས་སྟོངམ་ཚུ་ནང་ བཟོ་སྐྲུན་འབད་ནིའི་ དང་འདོད་མ་བསྐྱེད་མི་དེ་ ཁྲིམས་དམ་དྲག་ཡོད་པའི་ཤེས་ཚོར་བྱུང་རུང་ ཤུལ་ལས་ ཁྲིམས་ལུགས་བསྒྱུར་བཅོས་འབད་རུང་ དེ་ལུ་ སྤྲོ་བ་བསྐྱེད་མི་མིན་འདུག་ཟེར་ཨིན་པས།
གལ་སྲིད་ ཁྲོམ་ས་སྟོངམ་ཚུ་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་ཚུགས་པ་ཅིན་ རྫོང་ཁག་ནང་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་ཚུ་ མར་ཕབ་འབད་ཚུགས་འོང་ཟེར་ བཟོ་རིག་བཀོད་ཁྱབ་འགོ་དཔོན་འོགམ་གིས་ བཤདཔ་ཨིན་པས།
ད་ལྟོའི་ ས་གནས་གོང་འཕེལ་འཆར་གཞི་ཁག་༢ པོ་དེ་ ལེགས་ཤོམ་སྦེ་ འགོ་བཙུགས་ཚར་ཞིནམ་ལས་ གཞན་མི་ འཆར་གཞི་༢ པོ་དེ་ཡང་ གནང་བའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment