གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེས་རིག་ལོ་བརྒྱ་འཁོར་བའི་ དུས་སྟོན་དེ་ ལོ་ངོ་༡ གི་རིང་ བརྩི་སྲུང་འབད་ནི་ཨིན་པས།
གསར་བཏོན་འབད་མི་ ཤེས་རིག་ལོ་བརྒྱ་འཁོར་བའི་འགྲེམ་རྟགས།

སྤྱི་ཟླ་༥ པའི་ཚེས་༣།༉ ཁ་ཙ་ ཐིམ་ཕུ་ན་གཞོན་དཔལ་རི་ལུ་སྦེ་ འབྲུག་རྒྱལ་༣ པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་ཆེན་གྱི་ཉིནམ་ བརྩི་སྲུང་ཞུཝ་དང་འབྲེལ་ ཤེས་རིག་ལོ་བརྒྱ་འཁོར་བའི་དུས་སྟོན་བརྩི་སྲུང་སྐབས་ ད་ཚུན་ རྒྱལ་ཁབ་ནང་ ཤེས་རིག་གོང་འཕེལ་བཏང་མི་ སློབ་དཔོན་བགྲེསཔ་༨ ལུ་ ངོས་འཛིན་གྱི་ གསོལ་རས་གནངམ་མ་ཚད་ ཤེས་རིག་གི་ འགྲེམ་རྟགས་དང་ དྲན་རྟེན་ཚུ་ གསར་བཏོན་འབད་ཡི།

ཤེས་རིག་ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་འབད་སར་ འབྲུག་རྒྱལ་༣ པ་མཆོག་གིས་ དེང་སང་གི་ ཤེས་རིག་འགོ་བཙུགས་གནངམ་ལས་ཚུར་ ཤེས་རིག་གོང་འཕེལ་དང་ རང་བཙན་ དེ་ལས་ སྲུང་སྐྱོབ་སྒྲིང་སྒྲིང་བྱུང་མི་དེ་ལུ་ གུས་བཏུད་ཞུ་ཡི།
ཤེས་རིག་ལྷན་ཁག་གི་ འགོ་དཔོན་དང་ སློབ་གྲྭ་ཁག་གི་ སློབ་དཔོན་ཚུ་གིས་ གུས་བཏུད་ཞུཝ་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ནི་དང་ ཆབ་སྲིད་མངའ་ཐང་རྒྱས་ནིའི་དོན་ལུ་ ཞབས་བརྟན་ཕུལ་ཡི།
ཤེས་རིག་ལོ་བརྒྱ་འཁོར་བའི་ དུས་སྟོན་དེ་ཡང་ མི་དབང་འབྲུག་རྒྱལ་༣ པ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་ མི་དབང་མཆོག་གིས་ རྒྱལ་ཁབ་ནང་ དེང་སང་ ཤེས་རིག་གི་ལམ་ལུགས་ འགོ་ཐོག་གཞི་བཙུགས་གནངམ་ལས་ཚུར་ ད་ཚུན་གྱི་བར་ན་ ཤེས་རིག་ཁྱབ་སྤེལ་འགྱོ་བའི་ཁར་ རྒྱལ་ཁབ་གོང་འཕེལ་གྱི་ གཞི་རྩ་ངོ་མ་ ཤེས་ཡོན་བྱིན་མི་དེ་ སློབ་དཔོན་ཚུ་ཨིནམ་ལས་ སློབ་དཔོན་གྱི་ཉིནམ་སྦེ་ཡང་ བརྩི་སྲུང་འབད་ཡོདཔ་ཨིན།
ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་གྱིས་ རྒྱལ་ཁབ་གོང་འཕེལ་གཏང་ནི་དང་ རྒྱལ་ཡོངས་ཀྱི་དམིགས་གཏད་འགྲུབ་ནི་ མི་སྡེའི་གནས་སྟངས་བསྒྱུར་བཅོས་འབད་ནི་ དེ་ལས་ ན་གཞོན་སློབ་ཕྲུག་ཚུ་ལུ་ ཤེས་ཡོན་གང་དྲག་བྱིན་ཏེ་ རྒྱལ་ཁབ་སྲུང་སྐྱོབ་འབད་ནི་དང་ བདག་འཛིན་འཐབ་ནིའི་ འགན་ཁུར་དེ་ སློབ་དཔོན་ཚུ་ལུ་ རག་ལསཔ་ཨིན་ཟེར་ཨིན་པས།
དེ་མ་ཚད་ སློབ་དཔོན་ཚུ་གིས་ རྒྱལ་ཁབ་དང་ མི་སེར་ཚུ་གི་མཐའ་དོན་ལུ་ འཚེར་སྣང་ལུ་མ་ལྟ་བར་ ཅི་ཤེས་གང་ལྕོགས་ཀྱི་ཐོག་ལས་ དཀའཝ་སྤྱད་དེ་ ཕྱག་ཕྱིད་ཞུ་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་གནང་ཡི།
ངོས་འཛིན་གྱི་ གསོལ་རས་ཐོབ་མི་ སློབ་དཔོན་བགྲེསཔ་ཚུ་གི་གྲས་ལས་ སྐྱེས་ལོ་༧༩ ལང་མི་ དྲགོས་ཤེས་རབ་མཐའ་ཡས་ཀྱིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༡༩༦༥ ལུ་དང་ ད་རེས་ནངས་པའི་ ཤེས་རིག་གི་བར་ན་ ཁྱད་པར་སྦོམ་སྦེ་ར་ མཐོངམ་མས་ཟེར་ཨིནམ་ད་ དེ་ཡང་ ཧེ་མའི་ སློབ་དཔོན་ཚུ་འབད་བ་ཅིན་ སློབ་སྟོན་འབད་ནིའི་དོན་ལུ་ ཉིན་གྲངས་༤ ལྷགཔ་ཅིག་ རྐང་ཐང་འགྱོ་དགོ་པའི་ ས་གནས་ཚུ་ནང་ དཔེ་ཆ་སྟོན་པར་ འགྱོ་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ སློབ་ཕྲུག་ཚུ་ལུ་ དཔེ་ཆ་སྟོན་རུང་ སློབ་ཁང་དང་ དཔེ་དེབ་ཚུ་མེད་པའི་ཁར་ སློབ་དཔོན་ཚུ་སྡོད་སའི་ ཁྱིམ་མེདཔ་མ་ཚད་ ཉིན་མའི་ལྟོ་བཟའ་ནི་མེད་པར་ དཀའཝ་སྤྱད་དེ་ དཔེ་ཆ་སྟོན་དགོ་ཟེར་ཨིནམ་ད་ དེང་སང་འབད་བ་ཅིན་ རྒྱལ་ཁབ་ཀྱི་འགྱུར་བ་དང་བསྟུན་ སྣུམ་འཁོར་གྱི་ལམ་དང་ གློག་མེ་ལ་སོགས་པའི་ མཐུན་རྐྱེན་ཚུ་ག་ར་ཡོདཔ་ལས་ སྐལ་བ་བཟང་ནུག་ཟེར་ སླབ་ཨིན་པས།
ད་རུང་ སློབ་དཔོན་བགྲེསཔ་ཅིག་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སློབ་སྟོན་འབད་བའི་སྐབས་ སྒྲིག་ཁྲིམས་གཙང་མའི་ཐོག་ལས་ སློབ་སྟོན་འབད་ནི་དེ་གིས་ སློབ་ཕྲུག་ཚུ་ཡང་ ཤེས་ཡོན་ཅན་དང་ རིག་རྩལ་ལྡན་རུང་ ད་རེས་ནངས་པར་ སློབ་གྲྭའི་ལམ་ལུགས་ཚུ་ བསྒྱུར་བཅོས་འབད་མི་ལུ་བརྟེན་ སློབ་དཔོན་གྱིས་ སློབ་ཕྲུག་ཚུ་དྲང་པ་ཅིན་ ཉེས་ཁྲིམས་འབག་དགོཔ་ལས་ རྟགས་མི་མཐུན་པས་ཟེར་ཨིན་པས།
ཤེས་རིག་བརྒྱ་འཁོར་དུས་སྟོན་ནང་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ སློབ་དཔོན་ཚུ་ལུ་ བཀྲིན་དགའ་ཚོར་ཞུ་ནིའི་དོན་ལུ་ ཞབས་ཁྲ་དང་ འཁྲབ་སྟོན་སྣ་ཚོགས་སྟོན་ཐོག་ལས་ མཇུག་བསྡུ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

No comments:

Post a Comment