གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀའ་གདམས་ལྷ་ཁང་ནང་ གནམ་ལྕགས་ཕུར་པ་སྤུ་གྲིའི་སྒྲུབ་ཆེན་གནང་དོ་ཡོདཔ།

༡༧/༧/༢༠༡༣   ༉ སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ ཁྱད་པར་ སྨན་ལྗོངས་ཆོས་ལྡན་འབྲུག་གི་རྒྱལ་ཁབ་ནང་ ཞི་བདེ་འབྱུང་ཐབས་ལུ་དམིགས་ཏེ་ ད་རེས་ནངས་པ་ མོང་སྒར་ བཀའ་གདམས་རྔ་ཡབ་འོད་གསལ་ཆོས་གླིང་དགོན་པ་ལུ་ ལོ་བསྟར་གནང་སྲོལ་ཡོད་པའི་ གནམ་ལྕགས་ཕུར་པའི་སྤུ་གྲིའི་སྒྲུབ་ཆེན་གནང་ནི་ འགོ་བཙུགས་ཡོདཔ་ཨིན་པས།
བཀའ་གདམས་དགོན་པ།


ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་དེ་ཡང་ མ་གཞི་ རང་ཟླ་༣ པའི་ནང་ གནང་སྲོལ་ཡོད་རུང་ དུས་ཅི་ བཙག་འཐུ་ལས་བརྟེན་ སྒྲུབ་ཆེན་དེ་ སྤྱི་ཟླ་༧ པའི་ཚེས་༡༥ ལས་བརྒལ་ འགོ་བཙུགས་མ་ཚུགསཔ་ཨིནམ་ལས་ དུས་ཅི་ སྒྲུབ་ཆེན་དང་གཅིག་ཁར་ བཛྲ་གུ་རུ་དུང་སྒྲུབ་ཡང་བསག་གནང་དོ་ཡོདཔ་ཨིན་པས།
སྒྲུབ་ཆེན་དེ་ཡང་ བཀའ་གདམས་བླམ་ ཀརྨ་དབང་འདུས་ཀྱིས་ དབུ་བཞུགས་ཐོག་ བཀའ་གདམས་དགོན་པའི་ མཚམས་པ་དང་སྒོམ་ཆེན་ཞལ་གྲངས་༨༠ དེ་ཅིག་གིས་ སྤྱི་ཟླ་༧ པའི་ཚེས་༡༥ ལས་གནང་ནི་ འགོ་བཙུགས་ཡོདཔ་ད་ སྒྲུབ་ཆེན་དེ་ཡང་ བཀའ་གདམས་སྒྲུབ་ཆེན་ཚོགས་པ་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
བཀའ་གདམས་དགོན་པའི་ དྲུང་ཆེན་ བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ ལོ་བསྟར་ ཕུར་པ་སྤུ་གྲིའི་སྒྲུབ་ཆེན་གནང་དགོ་མི་དེ་ སྤྱིར་འཛམ་གླིང་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ནང་ལུ་ ནད་མུག་འཁྲུག་རྩོད་དང་ འབྱུང་བཞིའི་འཇིགས་པ་ལ་སོགས་པ་ ཞི་ཐབས་ཀྱི་དོན་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ད་རེས་ནངས་པ་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་གནང་སར་ ཉིན་བསྟར་བཞིན་དུ་ མོང་སྒར་ལུ་སྡོད་མི་ དད་ཅན་གྱི་ ཞི་གཡོགཔ་དང་ ཚོང་པ་ དེ་ལས་ མི་སེར་ བརྒྱ་ལས་བཅད་དེ་འཛོམས་དོ་ཡོདཔ་ད་ དེ་བཟུམ་གྱི་སྒྲུབ་ཆེན་ འགོ་འདྲེན་པ་འཐབ་མི་དེ་ཡང་ སྤྱིར་འཇིག་རྟེན་གྱི་ཁམས་འདི་ནང་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ མི་ཉམས་གོང་དུ་འཕེལ་ནི་དང་ དེ་འཛིན་གྱི་ སྐྱེས་བུ་དམ་པ་ཚུ་ སྐུ་ཚད་ཞབས་པད་བརྟན་ཅིང་ འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་འགྲོལ་ནི་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ནང་ལུ་ མི་མཐུན་པའི་རྐྱེན་ངན་ཚུ་བཟློག་སྟེ་ རྒྱལ་ཁབ་ནང་ ཞི་བདེ་འབྱུང་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཨིན་ཟེར་ ལས་རིམ་འགོ་འདྲེན་པ་ཚུ་གིས་ སླབ་ཨིན་པས།
བཀའ་གདམས་དགོན་པ་དེ་ སྐལ་ལྡན་གྱི་མི་ཚུ་གི་དོན་ལུ་ སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལུ་བརྩོན་ཏེ་ ཐར་པའི་ཞིང་ཁམས་ ཐོབ་འདོད་ཡོད་མི་ཚུ་གི་དོན་ལུ་ སྒོམ་ཉམས་ལེན་གནང་སའི་ དགོན་པ་མཆོག་ཏུ་འགྱུར་པ་ཅིག་ཨིནམ་མ་ཚད་ འཇིག་རྟེན་ཕལ་པ་ཅིག་གིས་ཡང་ དགོན་པ་དེ་ཁར་འོང་སྟེ་ མ་ཎི་བགྱངས་སའི་ ས་ཁོངས་ངོ་མ་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།
ད་རེས་ནངས་པ་ མོང་སྒར་བཀའ་གདམས་དགོན་པ་ལུ་ སྒོམ་ཆེན་ཞལ་གྲངས་༧༠ ལྷགཔ་ཅིག་དང་ ལོ་གསུམ་གྱི་མཚམས་བཅད་སྡོད་མི་ དེ་ལས་ དགོན་པ་དེ་ཁར་ མ་ཎི་བགྱང་སྡོད་མི་ རྒན་རྒས་ཡང་ ལེ་ཤ་ཡོདཔ་ལས་ བཀའ་གདམས་པ་དེ་ ཆོས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ གཙུག་སྡེ་ངོ་མ་ཅིག་ལུ་གྱུར་ཡོདཔ་ཨིན་པས།
རང་ཟླ་༦ པའི་ཚེས་༧ ལས་འགོ་བཙུགས་མི་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་དེ་ ཟླ་འདི་གི་ཚེས་༡༥ ལུ་ དངོས་གྲུབ་བླངས་དབང་གནང་ཐོག་ལས་ འགྲོལ་གནང་ནི་ཨིནམ་ད་ བཛྲ་གུ་རུ་དུང་སྒྲུབ་དེ་ གནམ་སྒང་ལུ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment